འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།ད་ལོར་སློབ་ཐོན་སློབ་མ་འདི་ཚོ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བྱེད་པར་བཀོད་སྒྲིག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་སློབ་གསོ་པུའུ་ཡིས《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་སྐབས་2022པའི་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས།སློབ་གསོ་པུའི་ཁོངས་གཏོགས་དགེ་འོས་སློབ་ཆེན་གྱི་སྐབས་2022པའི་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་ཐོན་སློབ་མ་ཚང་མ་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་བཀོད་སྒྲིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་འདུག   
   བརྡ་ཐོའི་ནང་བླང་བྱ་བཏོན་དོན།ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མར་དམིགས་པའི་ཆེད་དོན་གདན་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ནས། སྒྲིག་ཁོངས་སྟོང་པ་སྔོན་ལ་བེད་སྤྱད་དེ་བསྡུ་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མར་སྒྲིག་ཁོངས་དང་ལས་གནས་ཡོད་པའི་འགན་ལེན་བྱེད་པ་དང་། “སྒྲིག་ཁོངས་ཡོད་ཀྱང་ཁ་གསབ་མི་བྱེད་པའི་”བྱ་སྤྱོད་གཏན་འགོག་བྱས་ཏེ། ཚང་མ་སློབ་གྲྭའི་སློབ་ཁྲིད་ལ་ཞུགས་ཐུབ་རྒྱུ་དོན་འཁྱོལ་བྱེད་དགོས། 2022ལོའི་ཟླ་5པའི་ཟླ་མཇུག་གོང་དུ། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་90%ཡིས་ཕྱོགས་གཉིས་ཀྱི་གདམ་ག་བརྒྱུད་སློབ་གྲྭར་སློབ་ཁྲིད་ཐུབ་པ་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་པ་དང་། 2022ལོའི་ཟླ་6པའི་ཟླ་མཇུག་ཏུ་སྔར་བཞིན་གན་རྒྱ་བཞག་མེད་པའི་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མའི་ཡིག་ཚགས་དང་ཐེམ་ཐོ་སོགས་སློབ་ཁུངས་གནས་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དུ་བསྒྱུར་ནས། ཞིང་ཆེན་རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་མ་འདི་ཚོ་དགེ་རྒན་དཀོན་པའི་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་བྱེད་པར་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པ་དང་། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་སློབ་གྲྭ་ནས་མ་ཐོན་གོང་ཚང་མ་ངེས་པར་དུ་སློབ་གྲྭར་སློབ་ཁྲིད་ཐུབ་པའི་དོན་འཁྱོལ་བྱེད་དགོས། 
   ཡིག་ཆའི་ནང་ད་དུང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་དང་འབྲེལ་ཡོད་སློབ་གྲྭ་འབྲིང་ཆུང་ཁག་གིས་དགེ་རྒན་ནང་འདྲེན་གྱི་ལྕག་སྐུལ་བྱ་ཐབས་ཏན་ཏིག་བཟོས་པ་དང་།ཐོབ་ཐང་འགན་ལེན་འཐུས་ཚང་དུ་བཏང་སྟེ་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་ཞིང་ཆེན་དུ་ལོག་ནས་སློབ་ཁྲིད་བྱེད་པ་དང་ཚེ་གང་སློབ་ཁྲིད་བྱ་རྒྱུར་འགུགས་ཐབས་བྱེད་དགོས། སྒྲིག་ཁོངས་དང་ལས་གནས་སུ་འཇུག་པ་དང་། གླ་ཕོགས་སྤྲོད་པ། ཐོབ་ཐང་དོན་འཁྱོལ་སོགས་ཀྱི་ཐད་འགན་སྲུང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་བདེ་བླག་ངང་ལས་ཀར་ཞུགས་པ་དང་། བློ་བདེ་པོའི་ངང་དགེ་རྒན་བྱེད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མས་ཁ་ཆད་ལྟར་སློབ་ཁྲིད་བྱས་རྗེས་ཀྱི་ལས་ཐོག་གསོ་སྦྱོང་དེ“རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི”དང“ཞིང་ཆེན་རིམ་པའི་གསོ་སྦྱོང་འཆར་གཞིའི”ནང་འཇུག་པ་དང་། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མར་གསར་དུ་ལས་ཞུགས་གསོ་སྦྱོང་དང་ལས་གནས་ཐོག་ནུས་པ་ལྡན་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མའི་ཆེད་ལས་འཕེལ་རྒྱས་དང་ཚེ་གང་འཚར་ལོངས་ལ་རྒྱུན་མཐུད་ངང་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོནཡོད། 
   ས་གནས་ཁག་གིས་གྲོང་གསེབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་དང་། དཀའ་ཚེགས་ཆེ་བའི་བས་མཐའི་ཁུལ་གྱི་ཕོགས་སྣོན་སོགས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པར་བསྐྱོད་སྐབས་གཞུང་དོན་སྒྲུབ་ས་དང་། འཁོར་རྒྱུག་ཉལ་ཁང་སོགས་དགོས་ངེས་ཀྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་མཁོ་འདོན་བྱེད་པ་དང་། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མ་སློབ་མཐར་ཕྱིན་རྗེས་གྲོང་གསེབ་ཀྱི་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་དགོས། གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མའི་ལས་ཞུགས་ལས་དོན་དོན་འཁྱོལ་ཡག་པོ་མ་བྱུང་བའི་ས་གནས་སུ། སློབ་གསོ་པུས་གནས་ཚུལ་ལ་གཞིགས་ནས་སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་འོས་སློབ་ཆེན་གྱིས་ས་གནས་དེ་གར་དམིགས་པའི་སློབ་བསྡུའི་འཆར་གཞི་ཉུང་འཕྲི་གཏོང་རྒྱུ་རེད།