འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།སྐྱིན་ཚབ་སྒོར་ཁྲི་69.6འཇལ་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྐྱིན་ཚབ་སྒོར་ཁྲི་69.6འཇལ་དགོས།
     མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་1ཚེས་10ཉིན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཁྲེང་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་ཅང་ཆིའུ་ལེན་དང་ཞུ་སྦྱོར་ཕྱི་མ་ལིའུ་ནོན་ཞི་བར་གྱི་ཚེ་སྲོག་དབང་ཆའི་རྩོད་གཞིའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་སྟེ། ཞུ་སྦྱོར་ཕྱི་མ་ལིའུ་ནོན་ཞིས་ཁྲིམས་ཐག་གཅོད་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་ཞུ་སྦྱོར་སྔ་མ་ཅང་ཆིའུ་ལེན་ལ་དཔལ་འབྱོར་གྱོང་གུན་སྒོར་496000དང་དེ་བཞིན་སེམས་གསོའི་གྲོན་དངུལ་སྒོར་200000སྐྱིན་ཚབ་འཇལ་དགོས་པ་མ་ཟད། གྱོད་དོན་ཡོངས་རྫོགས་ཀྱི་བདག་སྤྲོད་གྲོན་དངུལ་གྱི་འགན་ཡང་འཁུར་དགོས་པ་རེད།  
     2016ལོའི་ཟླ་11ཚེས་3ཉིན། ཅང་ཆིའུ་ལེན་གྱི་བུ་མོ་གཅིག་པུ་ཅང་ཀོ་ལྗར་པན་གྱི་ཐོ་ཁེའོ་རུ་ལིའུ་ནོན་ཞིའི་དགའ་རོགས་ཁྲེན་ཧྲི་ཧྥེང་གིས་བསད། ལིའུ་ནོན་ཞི་ནི་ཅང་ཀོ་ཡི་ལྗར་པན་དུ་སློབ་སྦྱོང་བྱེད་སྐབས་ཀྱི་ཕ་ཡུལ་གཅིག་པ་དང་གྲོགས་པོ་རེད། གྱོད་གཞི་དེ་མ་བྱུང་གོང་གི་ཟླ་བ་གཉིས་ལྷག་གི་སྔོན་ལ། ཁྲེན་ཧྲི་ཧྥེང་གིས་ལིའུ་ནོན་ཞི་དང་ཁ་བྲལ་རྒྱུར་མོས་མཐུན་མ་བྱས་པའི་རྐྱེན་ཁོང་གཉིས་རྩོད་པ་བྱུང་བས། ཅང་ཀོ་ལ་རོགས་སྐྱོབ་བྱ་རྒྱུའི་རེ་བ་བཏོན་པ་དང་། ཅང་ཀོ་ཡིས་ཁོ་མོ་རང་ཉིད་དང་མཉམ་དུ་སྡོད་དུ་བཅུག 
     2016ལོའི་ཟླ་11ཚེས་2ཉིན་གྱི་དུས་ཚོད་15ཙམ་ལ། ཁྲེན་ཧྲི་ཧྥེང་གིས་ཁོང་གཉིས་སྡོད་སར་ཡོང་ནས་རྙོག་དྲ་བཟོས་ཤིང་། ལིའུ་ནོན་ཞི་ཡིས་ཅང་ཀོ་ལ་རོགས་སྐྱོབ་བྱེད་པར་ཞུས་པ་རེད། ཅང་ཀོ་ཡིས་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས་པའི་གྲོས་འགོ་བཏོན་ན་ཡང་། ལིའུ་ནོན་ཞི་ཡིས་སྡོད་ཁང་དུ་མཉམ་དུ་བསྡད་ན་ས་གནས་དེ་གའི་བཅའ་ཁྲིམས་ལས་འགལ་བ་དང་དོན་དག་ཆེན་པོ་བཟོ་འདོད་མེད་པ་རྒྱུ་མཚན་དུ་བྱས་ནས་དང་ལེན་མ་བྱས་ཀྱང་། ཅང་ཀོ་ཕྱིར་ལོག་ནས་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། ཅང་ཀོ་ཕྱིར་སྡོད་ཁང་དུ་ལོག་ནས་ཁྲེན་ཧྲི་ཧྥེང་ལ་ཁ་ཏ་བྱས་ནས་ཁྲ་བྲལ་དུ་བཅུག དེའི་རྗེས་ཅང་ཀོ་ཕྱིར་སློབ་གྲྭར་ལོག ཁྲེན་ཧྲི་ཧྥེང་གིས་མུ་མཐུད་དུ་ལིའུ་ནོན་ཞི་ལ་འཇིགས་སྐུལ་གྱི་ཆ་འཕྲིན་བསྐུར་བ་རེད། འོན་ཀྱང་། མོས་འབྲེལ་ཡོད་དོན་དག་དེའི་གནས་ཚུལ་ཅང་ཀོ་ལ་མ་བཤད། ཉིན་དེའི་དགོང་མོའི་དུས་ཚོད་23ཙམ་ལ། ལིའུ་ནོན་ཞི་ཡིས་སྐད་འཕྲིན་བརྒྱུད་ནས་ཅང་ཀོ་དང་མཉམ་དུ་སྡོད་ཁང་ནང་ཕྱིར་ལོག་རྒྱུའི་རེ་བ་བཏོན། 
     ཟླ་11ཚེས་3ཉིན་གྱི་མཚན་མོའི་དུས་ཚོད་12ཙམ་ལ། ཁོང་གཉིས་མཉམ་དུ་ཕྱིར་ལོག་སྐབས་འཇབ་སྒུག་བྱེད་པའི་ཁྲེན་ཧྲི་ཧྥེང་གིས་གྲི་ཁྱེར་ནས་རྒྱུགས་ཡོང་བ་དང་འཕྲད། ལིའུ་ནོན་ཞི་ཡིས་ཁང་པའི་སྒོ་ཕྱེ་སྟེ་སྔོན་ལ་ཁང་པའི་ནང་དུ་འཛུལ་ནས་སྒོ་ཟྭ་བརྒྱབ།  ཁྲེན་ཧྲི་ཧྥེང་གིས་སྡོད་ཁང་གི་སྒོ་འགྲམ་དུ་ཅང་ཀོ་ཡི་སྐེ་ལ་གྲི་བཅུ་ལྷག་བཙུགས་ནས་བྲོས་སོང་། ལིའུ་ནོན་ཞི་ཡིས་ཁང་བའི་ནང་ནས་ཉེན་རྟོག་པར་ཁ་པར་ཐེངས་གཉིས་བཏང་ཡང་། ཅང་ཀོ་ཁྲག་མང་དུ་ཤོར་བས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས། དེའི་རྗེས་སུ་ཅང་ཆིའུ་ལེན་དང་ལིའུ་ནོན་ཞི་གཉིས་ཅང་ཀོ་ཡི་ཤི་རྐྱེན་ཐད་རྩོད་གླེང་བྱུང་བ་དང་། ལིའུ་ནོན་ཞི་ཡིས་ད་དུང་དྲ་རྒྱ་བརྒྱུད་ནས་ཅང་ཆིའུ་ལེན་ལ་ཕོག་ཐུག་རང་བཞིན་གྱི་སྐད་ཆ་བཤད་མྱོང་། ཅང་ཆིའུ་ལེན་གྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ལིའུ་ནོན་ཞི་ཡིས་ཅང་ཆིའུ་ལེན་ལ་ཤི་བའི་སྐྱིན་ཚབ་དང་། དུར་སྐྱེལ་གྲོན་དངུལ། ལས་ཀར་འགོར་འགྱངས་བྱས་པའི་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ། ཉལ་ཁང་གི་གྲོན་དངུལ། འཐུས་མཆན་བཀོད་པའི་གྲོན་དངུལ་སོགས་དཔལ་འབྱོར་གྱི་གྱོང་གུན་སྣ་ཚོགས་དང་བསམ་པར་གནོད་སྐྱོན་བཏང་བའི་སེམས་གསོའི་གྲོན་དངུལ་བཅས་བསྡོམས་པས་སྒོར་2070609.33སྐྱིན་ཚབ་འཇལ་དགོས་པ་དང་འབྲེལ། གཞུང་གཏུག་གྲོན་དངུལ་གྱི་འགན་འཁུར་དགོས་པའི་རེ་བ་བཏོན་པ་རེད། 
     ཁྲིམས་ཁང་གིས་འདྲི་ཞིབ་བྱས་པར་ངོས་འཛིན་བྱས་དོན། ལིའུ་ནོན་ཞི་ཡིས་རང་ཉིད་སྲུང་སྐྱོབ་བྱེད་ཆེད་མི་གཞན་པའི་ཚེ་སྲོག་བདེ་འཇགས་ལ་དོ་སྣང་མ་བྱས་པར། ཅང་ཀོ་རང་ཉིད་སྡོད་སའི་སྒོ་རྩར་བཀག་ནས་བསད་པ་དང་། ནོར་འཁྲུལ་མངོན་གསལ་ཡོད་པས། དམངས་དོན་སྐྱིན་ཚབ་ཀྱི་འགན་འཁྲི་འོས་འཚམ་འཁུར་དགོས། གྱོད་དོན་འདིའི་བྱུང་རིམ་དང་། བྱ་སྤྱོད་སྤེལ་མཁན་གྱི་ནོར་འཁྲུལ་བྱུང་ཚད། རྒྱུ་འབྲས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། ཁྲིམས་ཁང་གིས་ཅང་ཆིའུ་ལེན་གྱིས་བཤད་པའི་དཔང་རྟགས་ཡོད་པའི་དཔལ་འབྱོར་གྱོང་གུན་ཁག་སྒོར་1240279དེ་གནས་ཚུལ་ལ་གཞིགས་ནས་སྒོར་496000ལ་རྒྱབ་སྐྱོར་བྱས་ཡོད། དཔལ་འབྱོར་གྱོང་གུན་གཞན་པར་རྒྱབ་སྐྱོར་མ་བྱས། ཡིན་ན་ཡང་། ཅང་ཆིའུ་ལེན་ལ་སེམས་ཁམས་ཀྱི་གནོད་སྐྱོན་བཟོས་པར་སེམས་གསོའི་གྲོན་དངུལ་སྒོར་200000སྤྲོད་དགོས་པའི་ཐག་བཅད་ཡོད། 
     ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ནང་བསྟན་དོན། དཀའ་ཉེན་སེལ་རོགས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་པ་དང་། ཡིད་རྟོན་མཛའ་མཐུན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་གལ་ཆེན་ཞིག་རེད། ཁྲིམས་འཛིན་ཁྲིམས་གཅོད་ཀྱིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་མཐའ་ཚད་བསྲུངས་ནས་སྤྱོད་བཟང་དྲང་བདེན་གྱི་བྱ་སྤྱོད་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཀུན་སྤྱོད་ལ་སྣང་ཆེན་དང་དགེ་སྒྲུབ་ལ་ཁྲིད་སྟོན་བྱེད་དགོས། ཅང་ཀོ་ནི་རྒྱལ་ཁབ་གཞན་དུ་སློབ་སྦྱོང་བྱེད་བཞིན་པའི་བུད་མེད་སློབ་མ་ཞིག་ཡིན་པའི་ངོས་ནས། དཀའ་ངལ་གྱི་གནས་སུ་གྱར་བའི་སྤུན་ཟླ་ཚོར་རོགས་སྐྱོར་བྱས་ནས་ལྷག་བསམ་ཟོལ་མེད་ཀྱིས་སེམས་ཁུར་དང་རོགས་རམ་བྱས་པ་མ་ཟད། དེའི་རྐྱེན་གྱིས་ཁྲིམས་འགལ་གྱི་གནོད་འཚེ་ཕོག་ནས་ཚེ་སྲོག་ཤོར་བ་དང་། དེའི་སྒེར་སེམས་མེད་པའི་ངང་མི་གཞན་ལ་རོགས་རམ་བྱེད་པའི་བྱ་སྤྱོད་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་དང་འཚམ་པས་དེར་བསྟོད་བསྔགས་དང་ཁྲིམས་འགལ་གྱི་བཙན་གནོད་ཕོག་ཚེ་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་དགོས་ངེས་རེད། ལིའུ་ནོན་ཞི་ནི་ཅང་ཀོའི་གྲོགས་མོ་དང་རོགས་སྐྱོབ་བྱ་ཡུལ་ཡིན་པའི་ངོས་ནས། གནས་ཚུལ་བྱུང་རྗེས་དྲིན་ཆེན་གྱི་བསམ་པ་མེད་ལ། འདས་པོའི་ནང་མིར་བྱམས་བརྩེའི་སེམས་གསོ་གཏོང་གི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སྐད་ཆ་གནོད་པོ་བཤད་པའི་ཐོག་ནས་མི་གཞན་གྱི་སྡུག་བསྔལ་སྔར་ལས་ཆེ་རུ་བཏང་ཡོད། དེའི་བྱ་སྤྱོད་ནི་རྒྱུན་གཏན་གྱི་མི་ཆོས་ལས་འགལ་བས་རྒོལ་གཏམ་གཏོང་དགོས་ལ། དམངས་དོན་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། གྱོད་དོན་ཚང་མའི་བདག་སྤྲོད་ཀྱི་གྲོན་དངུལ་སྤྲོད་དགོས་ཀྱི་ཡོད། དེར་བརྟེན། ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་ཡིན།  
༄༅།།སྐྱིན་ཚབ་སྒོར་ཁྲི་69.6འཇལ་དགོས།