འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་6ཉིན།

༄༅།།གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་སི་ཁྲོན་རྔ་པ་ཀྲོའུ་ཡི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་06ཉིན། 18:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་རྔ་པ་ཀྲོའུ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་སི་ཁྲོན་རྔ་པ་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་27.41ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་20576.67བྱུང་བ་དེ་དུས་མཚུངས་ལས་སོ་སོར་19.9%དང་19.37%འཕར་ཡོད། དགུན་དུས་ནི་གངས་འཁྱག་ལུས་རྩལ་རྩེ་བར་འཚམ་པའི་ནམ་དུས་ཤིག་རེད། དེའི་གོང་རྔ་པ་ཀྲོའུ་ཡིས་དགུན་དུས་ཡུལ་སྐོར་གྱི་ཚ་རླབས་ཤིག་བསླངས་ནས་སྐུ་བླའི་མཛེས་ལྗོངས་ཁུལ་དང་ཏ་ཁོག་འཁྱག་རོམ་མཛེས་ལྗོངས་ཁུལ་དུ་འཁྱག་འཛེག་དུས་ཆེན་དང“འཁྱག་འཛེག་དཔའ་བོའི་འདུ་ཚོགས”གཉེར་བ་རེད།
     ཟླ་1ཚེས་1ཉིན་གྱི་དགོང་མོར་ཏ་ཁོག་འཁྱག་རོམ་མཛེས་ལྗོངས་ཁུལ་གྱིས་ཟླ་1ཚེས་2ཉིན་གྱི་ཡུལ་སྐོར་བའི་མངགས་ཐོ་ཉིན་རེའི་ཚད་བཀག་མི་ཐེངས་5000ཟིན་ཡོད་ཅེས་པའི་བརྡ་ཁྱབ་བཏང་ཞིང་། མིག་སྔར་ཏ་ཁོག་འཁྱག་རོམ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་9670ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ། 2022ལོའི་ཡུལ་སྐོར་གྱི་འགོ་ཡག་པོ་ཞིག་བཙུགས་ཡོད། སྐུ་བླའི་མཛེས་ལྗོངས་ཁུལ་དུ་ཡང་ཡུལ་སྐོར་གྱི་འགོ་ཡག་པོ་ཚུགས་ཐུབ་ཡོད། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་སྐུ་བླའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་9990ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི་41.01བྱུང་ནས་དུས་མཚུངས་ལས་སོ་སོར་163.17%དང་92.08%འཕར་ཡོད་པ་རེད།