འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་6ཉིན།

༄༅།།དུས་རབས་གསར་པར་ཀྲུང་གོ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་རླབས་རྒྱུན་དྲག་
པོ་འདུས་ཡོད།

—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2022ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། (4)

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
   “དཔའ་བོ་དཀྱུས་མ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་བྱས་ནས་དུས་རབས་གསར་པར་ཀྲུང་གོ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་རླབས་རྒྱུན་དྲག་པོ་འདུས་ཡོད”2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་བརྗེད་པར་དཀའ་བའི་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་སྐད་ཅིག་ཉིད། ཀྲུང་གོའི་གཏམ་རྒྱུད་བཅས་ལ་ཕྱིར་དྲན་གནང་བཞིན་ལས་རིགས་ཁག་ཏུ་འབད་བརྩོན་བྱེད་ཕོད་པ་དང་སྙིང་རུས་ཆེན་པོས་འབད་འཐབ་བྱེད་བཞིན་པའི་དཔའ་བོ་དཀྱུས་མ་དག་ལ་བསྟོད་པ་ཕུལ་བས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་མི་དམངས་དུང་ཕྱུར་མང་པོའི་དཔའ་སྟོབས་ཆེན་པོ་འཕེལ་བར་བྱས་ཡོད།
    སྤྱིར་བཏང་ལས་རླབས་ཆེན་གཏོད། དཔའ་བོ་མི་དམངས་ཁྲོད་ནས་ཐོན། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཕེལ་རྒྱས་བྱུང་བའི་ད་ཆར་ཐོབ་པའི་གྲུབ་འབྲས་དག་ནི་གནམ་ནས་ཟགས་པ་ཞིག་མིན་ལ། གཞན་གྱིས་གསོལ་རས་གནང་བ་ཞིག་དེ་བས་མིན་པར། ཏང་གི་འགོ་ཁྲིད་འོག་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལས་བརྩོན་དང་། བློ་གྲོས། བློ་སྟོབས་བཅས་ལས་གྲུབ་པ་ཞིག་དང་བཏོད་པ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་། གཞོན་ནུ་སློབ་མའི“ཏང་ཐུགས་བློ་བདེ་པོར་བཞུགས། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་མཁན་ང་ཡོད”ཅེས་སྤོབས་ཉམས་ལྡན་པའི་དམ་བཅའ་ནས་མཐའ་སྲུང་འཐབ་འཛིང་པའི“དྭངས་གཙང་གི་བརྩེ་སེམས། ཀྲུང་གོ་ཁོ་ནར་འབུལ”ཞེས་བརྩེ་སེམས་ཀྱིས་ཕྱུག་པའི་སྙིང་གཏམ་གྱི་བར་དང་། ལུས་རྩལ་ཕོ་རྒོད་པའི“འགན་འཁྲི་ང་ཡིས་འཁུར། འབད་འཐབ་ང་ཡིས་བྱེད”ཅེས་རབ་འཕེལ་གྱི་སྤྲོ་སེམས་ནས་ཚན་རྩལ་ལས་དོན་པའི“གསར་གཏོད་བྱེད་ཕོད་པ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི”སྙིང་སྟོབས་དང་ལ་རྒྱ་སོགས། ཆུ་ཕྲན་འདུས་ནས་རྒྱ་མཚོ་ཆེན་པོ་ཆགས་པ་དང་སྐར་ཚོགས་ཁྲ་ཆེམ་ཆེམ་གྱི་དགུ་ཚིགས་སྐྱ་མོ་བཞིན། གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལེགས་སྐྱེས་འབུལ་འདོད་པའི་མིང་མེད་དཔའ་བོ་གྲངས་ལས་འདས་པས་སྤྱིར་བཏང་གི་མི་དཀྱུས་མ་ཞིག་གིས་སྤྱིར་བཏང་མིན་པའི་མི་ཚེ་བཏོད་པ་དང་། བློ་གྲོས་དང་རྔུལ་ཆུ། ཐ་ན་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་རི་གྲོང་གི་འཕོ་འགྱུར་ཆེན་པོ་དང་མཛེས་པའི་རི་ཀླུང་གི་དུས་རབས་ཀྱི་རི་མོ་བྲིས་ཏེ། དངོས་གྲུབ་འཛོམས་ལ་མི་དམངས་ཕྱུག་པ་དང་ཁྱིམ་ཚང་ཀུན་ལ་འོད་སྣང་འཕྲོ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད།
   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི་ཀྲུང་གོའི་མི་དམངས་ཀྱིས་ཚོད་བགམ་དང་འགྲན་སློང་གསར་པར་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པའི་དུས་རབས་ཤིག་རེད་ལ། ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པའི་དུས་རབས་ཤིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་སར་མི་གྲངས་ལས་འདས་པས་དཀའ་ངལ་ཁྱད་བསད་དང་འགག་རྩའི་དུས་སུ་ནུས་པ་བཏོན་ནས། རི་ཀླུང་ཁྲི་སྟོང་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཆེད་དུ་སེམས་ཤུགས་དང་རྔུལ་ཆུ་བཏོན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་སར་མི་གྲངས་ལས་འདས་པས་ཚེ་སྲོག་ལ་བརྟེན་ནས་འགན་འཁྲི་བསྒྲུབས་པ་དང་བྱམས་སྐྱོང་ལ་བརྟེན་ནས་མི་སེར་བསྐྱངས་ནས། སྟོབས་ཤུགས་ཆུང་ངུས་སྟོབས་ཤུགས་རླབས་པོ་ཆེ་ཆགས་པར་བྱས་ཏེ། ཚེ་སྲོག་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བསྐྲུན་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོར་མི་གྲངས་ལས་འདས་པས་ལས་ལ་བརྩོན་པའི་ལག་གཉིས་དང་། བློ་གྲོས། བློས་གཏོང་བཅས་ལ་བརྟེན་ནས། མི་ཚེའི་གནམ་ས་གསར་པ་བཏོད་ཡོད་ལ། སྤྱི་ཚོགས་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་ཀྱང་བཏང་བ་སོགས་ལས། ཀྲུང་ཧྭ་མི་རིགས་ནི་དཔའ་བོ་རིམ་པར་ཐོན་པའི་མི་རིགས་ཤིག་ཡིན་པ་དང་། དུས་རབས་གསར་པ་ནི་དཔའ་བོ་སྐྱེད་སྲིང་བྱེད་པའི་དུས་རབས་ཤིག་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་རང་གི་ལག་གཉིས་ལ་བརྟེན་ནས་ཀྲུང་ཧྭའི་ས་གཞི་ཆེན་པོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་གྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ཀྱང་བསུས་ཡོད། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“འདིར་གཅེས་པར་འོས་ཤིང་གུས་པར་འོས་པའི་མི་དམངས་ཡོད་པ་དང་། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། གཅིག་རྒྱུན་གཅིག་གིས་འཛིན་པའི་བྱ་གཞག་ཀྱང་ཡོད”ཅེས་པ་ལྟར་རེད།
    ལོ་བརྒྱའི་གོང་། འཛམ་གླིང་གི་མདུན་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཉམས་རྒུད་དང་ཉམས་དམས་སུ་གྱུར་པའི་རྣམ་པ་ཞིག་རེད། ད་ཆ་འཛམ་གླིང་གི་མིག་ལམ་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ཡིན་ཞིང་། འགོག་ཐབས་བྲལ་བའི་གོམ་སྟབས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྤོ་བཞིན་མཆིས། དེང་གི་ཀྲུང་གོ་ནི་རྒྱལ་སྲིད་དར་ཞིང་རྒྱས་པ་དང་། མི་དམངས་སྤོབས་སེམས་ཆེ་བ། མདུན་ལམ་རྒྱ་ཆེ་བ་བཅས་ཡོད། རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཏུ་གནས་པར་ང་ཚོར་གདེང་ཚོད་དང་སྤོབས་པ་ཆེན་པོ་སྐྱེས་པ་དང་དུས་མཚུངས། འགན་འཁྲི་ཡང་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། ང་ཚོས་བློ་སྟོབས་དང་ངར་ཤུགས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བཏོད་པའི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གི་རྨང་གཞིའི་ཐོག་དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་བླངས་ཏེ་གོམ་ཞེང་ཆེན་པོས་རེ་བས་ཁེངས་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་ཐག་རིང་བས་འབད་འཐབ་བྱས་ན་གཞི་ནས་འགྲུབ་ཐུབ། མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ང་ཚོའི་རྒྱལ་ཁབ་འདི་འདྲར་མི་ཚང་མས་ནུས་ཤུགས་རེ་རེ་བཏོན་ན། རི་སྒུལ་མཚོ་སྐྱོམ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་དང་། མི་ཚང་མས་དོན་དག་རེ་རེ་ཡག་པོ་སྒྲུབ་པ་དང་། ལས་ཀ་རེ་རེ་ཡག་པོ་བྱས་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ། འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་ཡོད་པར་བྱས་ནས། སྤྱིར་བཏང་གི་དོན་དག་ཚང་མ་ཡག་པོ་ཏན་ཏིག་བསྒྲུབས་ཚེ། མི་དཀྱུས་མ་ཚང་མར་སྤྱིར་བཏང་མིན་པའི་མི་ཚེ་ཐོབ་པ་དང་། སྤྱིར་བཏང་གི་ལས་ཀ་ཚང་མས་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་ཐུབ། དུས་རབས་གསར་པ་ནི་མི་ཚང་མར་དབང་བས། མི་ཚང་མ་ནི་དུས་རབས་གསར་པའི་དཔང་པོ་དང་། གསར་གཏོད་པ། འཛུགས་སྐྲུན་པ་བཅས་རེད། མཐུན་སྒྲིལ་དམ་ཟབ་དང་ཐུན་མོང་འབད་འཐབ་བྱས་ཚེ། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཕུགས་འདུན་མངོན་འགྱུར་བྱེད་པའི་ཀྲུང་གོའི་མི་དམངས་ཀྱི་གོམ་སྟབས་འགོག་མི་ཐུབ།
    མཁའ་སྐྱོད་པ་གསུམ་མཐའ་ཡས་བར་སྣང་ཁམས་སུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད་པ། གཞུང་ཚབ་ཆེ་མོ་ཁང་དང་། ཁེ་སྐྱོང་ལས་ཤག་ཁང་། ཀྲུང་གོའི་མ་འཇོག་ཁེ་ལས་སོགས་ཀྱི་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་མི་སྣ་དང་། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་སོགས་ཀྱིས་སྔར་བཞིན་འབད་འབུངས་བརྟན་སྲུང་བྱེད་བཞིན་ཡོད་པ་སོགས་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཕུགས་འདུན་རེ་སྙེག་བྱེད་མཁན་གྲངས་ལས་འདས་པས་ལེགས་སྐྱེས་ཕུལ་བར”བསྔགས་བརྗོད་གནང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཀའ་སྤྱད་སྙིང་རུས་དང་། སྐད་གྲགས་མེད་པར་ལེགས་སྐྱེས། འབད་འཐབ་ལྷོད་མེད། ནམ་ཡང་འབད་འཐབ་བཅས་བྱས་ཚེ། ང་ཚོས་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གཏམ་རྒྱུད་བརྩམས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་ཐུབ།