འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་24ཉིན།

༄༅།།གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་བའི་ཁུང་འབྲུག་གི་སྦྲུམ་རྟེན་རྙེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་24ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་བའི་ཁུང་འབྲུག་གི་སྦྲུམ་རྟེན་རྙེད།
     མི་དམངས་དྲ་བའི་འཕྲིན། ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་ཞིབ་མོ་བྱས་མཐར། ཚན་རིག་པ་རྣམས་ཀྱིས་ཁུང་འབྲུག་གི་སྒོ་ངའི་འགྱུར་རྡོ་ཁྲོད། ད་ལྟའི་བར་གོ་ལ་ཧྲིལ་བོར་ཚན་རིག་ཟིན་ཐོ་ཆེས་ཆ་ཚང་བའི་ཁུང་འབྲུག་གི་སྦྲུམ་རྟེན་ཞིག་རྙེད་པ་དང་། ཞིབ་འཇུག་བྱས་འབྲས་འདིའང་2021ལོའི་ཟླ་12པའི་ཚེས་22ཉིན་རྒྱལ་སྤྱིའི་ཚན་རིག་དུས་དེབ《iScience》ཀྱི་དུས་དེབ་ཏུ་སྤེལ། 
     ཀྲུང་གོ་དང་། དབྱིན་ཇི། ཁ་ན་ཏ་བཅས་རྒྱལ་ཁབ་གསུམ་གྱི་ཚན་རིག་མཁས་ཅན་ལས་གྲུབ་པའི་ཞིབ་འཇུག་རུ་ཁག་གིས་སྒོ་ངའི་འགྱུར་རྡོའི་ནང་ཉར་ཚགས་ཡག་པོ་བྱུང་བའི་ཁུང་འབྲུག་གི་སྦྲུམ་རྟེན་ལ་ལོ་གསུམ་རིང་ཞིབ་འཇུག་ཞིབ་ཕྲ་བྱས་པ་རེད། འགྱུར་རྡོ་དེ་ནི་ཀྲུང་གོའི་ལྷོ་རྒྱུད་ཀྱི་ཅང་ཞིའི་ཀན་ཀྲོའུ་ཡི་རྡོ་ཐལ་ས་རིམ་ལས་རྙེད་པ་ཡིན་ལ། མིག་སྔར་ཧྥུ་ཅན་ཞིང་ཆེན་གྱི་དབྱིན་ལིའང་རྡོ་རྒྱུ་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
     ལོ་ཁྲི་7200ནས་ཁྲི་6600བར་གྱི་ལོ་རྒྱུས་ལྡན་པའི་འགྱུར་རྡོ་འདི་ནི་སོ་མེད་པའི་སྲོག་ཆགས་རྐང་པ་ཅན་གྱི་ཁུང་འབྲུག་ཅིག་ཡིན་ལ། དེ་ནི་ད་ལྟའི་བར་དུ་ཚན་རིག་ཟིན་ཐོ་ཆེས་ཆ་ཚང་བའི་ཁུང་འབྲུག་གི་སྦྲུམ་རྟེན་ཞིག་ཡིན། ཁུང་འབྲུག་གི་སྦྲུམ་རྟེན་ཉར་ཚགས་ཀྱི་རྣམ་པ་དེ་ནི་གདོད་མའི་རྣམ་པ་ཞིག་ཡིན་ལ། འགྱུར་རྡོ་བྱེད་ནུས་ཀྱི་འགལ་རྐྱེན་མང་པོ་ཞིག་ཐེབས་མེད་པར་གསོན་པའི་དུས་ཀྱི་རྣམ་པ་གསལ་པོར་མཚོན་ཡོད། དངོས་པོའི་དེའི་མགོ་ནས་མཇུག་བར་གྱི་སྤྱིའི་རིང་ཚད་ནི་ཕལ་ཆེར་ལི་སྨི་27ཡིན་པ་དང་། རིང་ཚད་ལི་སྨི་17ཅན་གྱི་སྒོ་ངའི་འགྱུར་རྡོ་ཞིག་གི་ནང་དུ་འཁུམས་ནས་བསྡད་ཡོད། ཧྥུ་ཅན་ཞིང་ཆེན་དབྱིན་ལིའང་རྡོ་རྒྱུ་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གིས་དངོས་དཔེ་དེའི་མིང་ལ“དབྱིན་ལིའང་པེ་པེ”ཞེས་བཏགས་ཡོད། 
     མ་དཔེ་ཐུང་ཞིང་སོ་མེད་པའི་མགོའི་རུས་ལ་གཞིགས་ན། “དབྱིན་ལིའང་པེ་པེ”ནི་སྒོ་ང་རྐུ་བའི་འབྲུག་རིགས་སུ་གཏན་འཁེལ་བྱས་ཡོད། སྒོ་ང་རྐུ་བའི་འབྲུག་རིགས་ནི་ལུས་ལ་སྤུ་སྒྲོ་ཡོད་ཅིང་རྐང་པ་རི་དྭགས་དང་འདྲ་བའི་ཁུང་འབྲུག་རིགས་ཤིག་ཡིན། དེ་དག་དེང་རབས་ཀྱི་འདབ་ཆགས་རིགས་དང་འབྲེལ་བ་དམ་ཟབ་ཡོད། དེའི་འགྱུར་ལྡོག་ཆེ་བའི་མཆུ་ཏོའི་དབྱིབས་དང་གཟུགས་དབྱིབས་ཐོག་ནས་དེ་དག་ནི་ཤའམ་རྩྭ་ཟའི་རང་བཞིན་ལྡན་སྲིད། དེའི་ནང་དུ་རྩི་ཤིང་ཟ་རིགས་དང་ཤ་ཟ་རིགས་བཅས་འདུས་ཡོད།
     ཞིབ་འཇུག་རུ་ཁག་གིས“དབྱིན་ལིའང་པེ་པེ”ཡི་ཉར་ཚགས་བྱེད་སྟངས་ནི་ཤེས་ཟིན་པའི་ཁུང་འབྲུག་གི་སྦྲུམ་རྟེན་ཁྲོད་དུ་ཐུན་མོང་མ་ཡིན་པ་དང་། དེའི་མགོ་ནི་ལུས་པོའི་འོག་ཏུ་ཡོད་པ་དང་། རྐང་པ་གཞོགས་གཉིས་སུ་ཡོད་ལ། ལུས་པོའི་རྒྱབ་ནི་སྒོ་ངའི་ཟུར་དེད་ནས་འཁུམ་ནས་ཡོད། བཟོ་ལྟ་འདི་དེང་རབས་ཀྱི་འདབ་ཆགས་རིགས་ཀྱི་སྦྲུམ་རྟེན་དང་རིགས་འདྲ་ཡིན་ཞིང་། སྔར་གྱི་ཁུང་འབྲུག་གི་སྦྲུམ་རྟེན་གྱི་འགྱུར་རྡོའི་ཁྲོད་གནས་ཚུལ་འདི་མཐོང་རྒྱུ་དཀོན།
     ཚང་མས་ཤེས་གསལ་ལྟར། འདབ་ཆགས་ཀྱིས་སྒོ་ང་མ་བཏང་བའི་སྔོན་ལ་མགོ་བོ་གཤོག་པའི་འོག་ཏུ་བརྐྱངས་དགོས་ཀྱི་ཡོད། དབྱིབས་འདི་འགྲུབ་མ་ཐུབ་པའི་སྦྲུམ་རྟེན་ལ་སྒོང་སྙོལ་ཕམ་ནས་ཤི་སྲིད་ཚད་ཤིན་ཏུ་ཆེ།
     “དབྱིན་ལིའང་པེ་པེ”དེ་རི་དྭགས་གཞན་དག་གི་ཁུང་འབྲུག་དང་། སྐེ་རིང་རིགས་ཀྱི་ཁུང་འབྲུག་རིགས། འདབ་ཆགས་རིགས་ཀྱི་སྦྲུམ་རྟེན་བཅས་དང་ཞིབ་བསྡུར་བྱས་རྗེས། ཞིབ་འཇུག་རུ་ཁག་གིས་ཐོག་མར་བྱ་རིགས་ལ་དམིགས་བསལ་དུ་ཡོད་པའི་སྐུམ་འཐེན་བྱ་སྤྱོད་ཡིན་པར་ངོས་འཛིན་པ་དང་། ཆེས་སྔ་ཤོས་ནི་ལོ་ངོ་ཁྲི་སྟོང་ཁ་ཤས་སམ་དུང་ཕྱུར་དུ་མའི་སྔོན་གྱི་སྲོག་ཆགས་རྐང་པ་ཅན་གྱི་རིགས་ཀྱི་ཁུང་འབྲུག་ནས་རིམ་འགྱུར་བྱུང་བ་རེད། སྦྲུམ་རྟེན་གྱི་འགྱུར་རྡོ་མང་པོ་རྙེད་པ་ནི་གོམ་གང་སྔོན་སྤོས་ཀྱིས་བློས་བཞག་སྨྲ་བ་འདི་ལ་ཞིབ་བཤེར་བྱེད་པར་ནུས་པ་གལ་ཆེན་ཡོད། རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚན་རིག་གི་ཤེས་རྟོགས་གལ་ཆེན་དེས་ཁུང་འབྲུག་གི་སྐྱེ་འཚར་དང་འཚར་ལོངས་ལ་ཚན་རིག་གི་ངོས་འཛིན་གལ་ཆེན་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།
【1】  【2】
༄༅།།གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་བའི་ཁུང་འབྲུག་གི་སྦྲུམ་རྟེན་རྙེད།