འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་9ཉིན།

༄༅།།“དོམ་ཁྲའི་ཁེར་ཆགས་གླིང”ཕན་ཚུན་ཤར་གཏོང་ཐུབ་པ།

——དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་རྔ་པ་དོ་དམ་ཡན་ལག་ཅུས་ཀྱིས་དོམ་ཁྲའི་འབྲེལ་གཏུག་བར་ཁྱམས་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་09ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་རྔ་པ་དོ་དམ་ཡན་ལག་ཅུས་མའོ་རྫོང་དོ་དམ་སྤྱི་ཁྱབ་ས་ཚིགས་ཀྱི་འགན་འཁུར་བ་ཐའོ་པོ་ཧྲན་དགའ་ཚོར་ཆེན་པོ་བྱུང་། གང་ལགས་ཤེ་ན། ཉེ་ལམ་ལོ་གཉིས་རིང་ས་གནས་དེ་གར་དོམ་ཁྲ་རྙེད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལས། རི་སྐྱེས་དོམ་ཁྲ་རིགས་མི་འདྲ་བའི་ཁྱུ་ཚོགས་ཕན་ཚུན་འབྲེལ་གཏུག་བྱེད་པ་མ་ཟད། ཐ་ན་རིགས་ལས་བརྒལ་ནས་སྐྱེ་འཕེལ་བྱེད་པ་མཚོན་གྱི་ཡོད།
    ཕྱི་རོལ་ཏུ་བརྟག་དཔྱད་བྱས་པ་ལས་མངོན་གསལ། མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཀྱིས་རྐྱེན་པས་ཡངས་ཤིང་རྒྱ་ཆེ་བའི“དོམ་ཁྲའི་རྒྱལ་ཁམས”ནི་དོན་དུ“རྒྱལ་ཕྲན”ཆུང་ཆུང་མང་པོ་ལས་གྲུབ་པ་ཞིག་རེད། འཚོ་གནས་བྱ་ཡུལ“ཁ་ཐོར”དང“ཁེར་ཆགས”ཡིན་པ་ལས་ཕྱི་རོལ་གྱི་དོམ་ཁྲའི་ཁྱུ་ཚོགས་དེ་ཁྱུ་ཚོགས་33ལ་གྱུར་པ་དང་ཁྱུ་ཚོགས་24ལ་འཚོ་གནས་ཀྱི་ཉེན་ཁ་ཕྲད་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་རིགས་གཅིག་མཁས་ཅན་ཝང་ཧྥང་གིས“ཡུན་རིང་འདི་ལྟར་གནས་ཚེ་གནད་དོན་གཅིག་ཐོན་སྲིད་དེ། ཁྱུ་ཚོགས་ཆུང་ཆུང་ཁ་ཤས་ཀྱི་ནང་ཁུལ་དུ་ཉེ་འབྲེལ་སྐྱེ་འཕེལ་བྱེད་པའམ་ཡང་ན་རང་བྱུང་གྱི་གནོད་འཚེ་ཐེངས་གཅིག་དང་ནད་གཞི་གཅིག་གིས་ནམ་ཡང་མེད་པར་འགྱུར་ཉེན་ཡོད། ཆེས་ཐད་ཀ་དང་སྟབས་བདེ་ཤོས་ཀྱི་ཐག་གཅོད་བྱ་ཐབས་ནི་དོམ་ཁྲའི་བར་ཁྱམས་བསྐྲུན་ནས‘ཁེར་ཆགས་གླིང་ཕྲན’གྱི་དོམ་ཁྲ་ཕན་ཚུན་འབྲེལ་གཏུག་བྱེད་དུ་འཇུག་རྒྱུ་དེ་རེད”ཅེས་བརྗོད་པ་རེད།
    དོམ་ཁྲའི་ཚེ་སྲོག་བར་ཁྱམས་སྐྲུན་རྒྱུའི་སྐོར་གྱི་གྲོས་འགོ་འདོན་མཁན་ནི་རང་རྒྱལ་གྱི་སྐྱེ་ཁམས་རིགས་པ་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་གི་སྐུ་ཞབས་དབྱིང་ཁའེ་ཧྥུའུ་ཡིན་ཞིང་། ཁོང་གིས་ལོ་མང་འབོད་སྐུལ་བྱས་པ་བརྒྱུད། ས་གནས་དེ་གའི་སྲིད་གཞུང་གིས་རི་རྩེའི་གཞུང་ལམ་ཞིག་སྤྱོད་མཚམས་བཞག་ནས་རི་སྐེད་དུ་ཕུག་ལམ་ཞིག་བསྐྲུན་པ་རེད། དབྱིང་ཁའེ་ཧྥུའུ་ཡིས“མིའི་རིགས་ཀྱི་འགུལ་སྐྱོད་ཉུང་དུ་གཏོང་བ་དང་དུས་མཚུངས་ས་གནས་དེ་གའི་སྐྱེ་ཁམས་ཀྱང་དོམ་ཁྲའི‘སྡོད་མལ’དུ་འགྱུར་བར་བྱེད་དགོས”ཞེས་གསར་འགོད་པར་བརྗོད།
    སི་ཁྲོན་དུ་དེ་འདྲ་བའི་དོམ་ཁྲའི་བར་ཁྱམས་མང་པོ་ཡོད་ཅིང་། རིང་ཚད་སྤྱི་ལེ་30དང་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ཧོང་ཐུའུ་ལེང་བར་ཁྱམས་ནི་སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་དང་། ཕིང་ཝུའུ་རྫོང་། ཆིང་ཁྲོན་རྫོང་། ཀན་སུའུ་ཞིང་ཆེན་ཝུན་རྫོང་བཅས་དབར་གནས་པ་དང་། ཕྱོགས་བཞིར་དོམ་ཁྲ་དང་འབྲེལ་བ་ཡོད་པའི་སྲུང་སྐྱོང་ཁུལ་10ཙམ་ཡོད་པ་རེད།
    གསར་འགོད་པར་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་སི་ཁྲོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་3.74བཏང་ནས་དོམ་ཁྲའི་འབྲེལ་གཏུག་བར་ཁྱམས་6བསྐྲུན་པ་དང་བར་ཁྱམས་ཁུལ་དུ་སྔོ་ཁེབས་སྤྱི་ལེ་ངོས་གྲུ་68སླར་གསོ་བྱས་ཡོད་པ་རེད།