འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།གནད་དོན་འདི་རིགས་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་ཚོགས་ལས་རིགས་ཁག་ལ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པའི་གནད་དོན་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པ་དང་། ཁྲིམས་ལྟར་བདག་སྤྲོད་བྱེད་དགོས་པའི་ཞུ་གཏུག་ལ “གྱོད་གཞི་ཡོད་ཚེ་ངེས་པར་དུ་གྱོད་དོན་ཐོ་འགོད་བྱེད་པ་དང་། ཞུ་གཏུག་ཡོད་ཚེ་ངེས་པར་དུ་ཐག་གཅོད་བྱེད་པ”ཏན་ཏིག་གིས་བསྒྲུབ་རྒྱུའི་ཁས་ལེན་བྱས་པ་རེད། 
     ཆེས་མཐོའི་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་ཐིང་ཀྲང་། གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཆན་ཞའོ་ཁྲེན་གྱིས། 2015ལོ་ནས་བཟུང་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱས་ཡོད། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་ཆ་སྙོམས་རང་སར་གྱོད་དོན་ཐོ་འགོད་བྱེད་ཚད་95.7%ལས་བརྒལ་བ་དང་། ཐེན་ཅིན་དང་ཧྲང་ཧའེ་སོགས་ཀྱི་ཁྲིམས་ཁང་རང་སར་གྱོད་དོན་ཐོ་འགོད་བྱེད་ཚད་98%ལས་བརྒལ་ཡོད་པ་རེད། 
     “ཁྲིམས་ཁང་ཁག་ཅིག་ལ་ཟླ་11པའི་ཟླ་མཇུག་དང་། ཟླ་12པའི་ཟླ་འགོར་གྱོད་དོན་ཐོ་འགོད་མི་བྱེད་པའི་སྣང་ཚུལ་སྔར་བཞིན་གནས་པ་དེས་ཁྲིམས་འཛིན་གྱི་སྣང་བརྙན་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཤིང་། གྱོད་དོན་ཐོ་འགོད་ལམ་ལུགས་ཀྱི་སྒྱུར་བཅོས་བླང་བྱ་དང་རྒྱབ་འགལ་བྱས་ཡོད།” ཆན་ཞའོ་ཁྲེན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པར་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། རིམ་ཁག་ཁྲིམས་ཁང་གིས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པའི་གནད་དོན་གཅིག་ཤེས་ན་གཅིག་ཐག་གཅོད་དང་། བརྡ་ཁྱབ་གཏོང་བ་བཅས་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ཞེས་བཤད་པ་རེད། 
     ཆན་ཞའོ་ཁྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་རིམ་བཞིའི་ཁྲིམས་ཁང་གི་ཆེད་དོན་ལས་དོན་ཚོགས་འདུ་འཚོགས་ནས། ལོ་མཇུག་ཏུ་གྱོད་ཐོ་མི་འགོད་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བཅོས་སྒྲིག་བྱས་པ་རེད། དུས་མཚུངས་སུ། ཚན་རིག་དང་མཐུན་པར་དཔྱད་ཞིབ་དམིགས་ཚད་འགོད་པ་དང་། འབྲེལ་ཁོངས་ཀྱི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་དོན་ཐོ་འགོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་སོགས་ཀྱི་ཐད་ནས་མཛུབ་སྟོན་བསམ་འཆར་འགྲེམས་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པ་བཅོས་སྐྱོང་བྱེད་པར་བྱེ་བྲག་གི་ལས་ཀའི་བླང་བྱ་བཏོན་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་བྱས་ཚུལ་ལ་ཕྱོགས་མཐའ་ཀུན་ནས་ལྟ་སྐུལ་བྱ་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་ཕྱོགས་ནོར་བྱུང་ཚད་ཀྱི་ཉེན་ཟོན་ཉེན་བརྡའི་མ་ལག་བཙུགས་པ་དང་གཞི་གྲངས་ཆེན་པོའི་དབྱེ་ཞིབ་བརྒྱུད་ནས། ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱེད་ཚད་ལ་འཕར་ཆག་བྱུང་ཚུལ། འཕར་ཆག་རྒྱུན་ལྡན་མིན་པ་དང་གྱོད་དོན་ཐོ་འགོད་བྱས་པ་ཕྱོགས་ནོར་བྱུང་ཚད་ཆེ་བའི་ཁྲིམས་ཁང་ལ་ཉེན་ཟོན་ཉེན་བརྡ་གཏོང་ཐུབ། 
     ངོ་གཏུག་དང་ཡིག་བསྐུར། 12368གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཐབས་ལམ་བརྒྱུད་གོང་ཞུ་བྱེད་པའམ་ཡང་ན་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་བཏང་ནས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པའི་གནད་དོན་ལ། རིམ་ཁག་ཁྲིམས་ཁང་གིས་ངེས་པར་དུ་ནང་ཁུལ་དུ་ཞིབ་བཤེར་མཐར་ཕྱིན་པ་བྱས་ནས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་འབྲེལ་ཡོད་མི་སྣ་དང་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ། གྱོད་དོན་ཐོ་འགོད་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་ཐད་གཅོག་འཕྲི་དང་། གདམ་གསེས། བབ་བསྟུན་བཅས་གཏན་ནས་ཡོད་མི་ཆོག ཆན་ཞའོ་ཁྲེན་གྱིས་གནད་དོན་མངོན་གསལ་དོད་པོ་ཡིན་པ་མ་ཟད། མགྱོགས་པོར་བཅོས་སྒྲིག་ཀྱང་མ་བྱས་ཚེ་འགོ་ཁྲིད་གཙོ་བོར་ཁ་བརྡ་བྱས་ནས “བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཀྱང་མི་ཉན་པའི”དཔེ་མཚོན་དུ་བརྩིས་ནས་བརྡ་ཁྱབ་གཏོང་རྒྱུ་ཡིན་ཞེས་བཤད།
     ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞི་གྲངས་ལས་མངོན་པར། ཟླ་11ཚེས་15ཉིན་བར་རྒྱལ་ཡོངས་ཁྲིམས་ཁང་གིས་ད་ལོར་ཁྱོན་གྱོད་གཞི་ཁྲི་3051.7བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁྲི་2391.9ཐག་གཅོད་བྱས་པ་རེད། རྒྱལ་ཡོངས་སུ་ཁྱོན་མི་གྲངས་ཁྲི་12.7ཙམ་གྱི་སྒྲིག་ཁོངས་ཁྲིམས་དཔོན་ཡོད་པ་མི་རེས་ཆ་སྙོམས་གྱོད་གཞི་240དང་གྱོད་གཞི་188བདག་སྤྲོད་བྱས་པ་རེད། དམངས་དོན་གྱོད་གཞིའི་གྲངས་འབོར་མདུན་གྲལ་དུ་སླེབས་པ་དེའི་ནང་དམངས་ཁྲོད་ཀྱི་དངུལ་བུན་གཡར་བའི་རྩོད་གཞི་ཁྲི་198.2དང་། གཉེན་ཐོར་གྱི་རྩོད་གཞི་ཁྲི་127.8སོགས་ཚུད་ཡོད། ཉེས་དོན་གྱོད་གཞིའི་གྲངས་འབོར་མདུན་གྲལ་དུ་སླེབས་པའི་ནང་ཉེན་ཁའི་སྒོ་ནས་ཁ་ལོ་གཏོང་བའི་ཉེས་གསོག་ཁྲི་28.5དང་། རྐུ་ཁྱེར་གྱི་གྱོད་གཞི་ཁྲི་16.8སོགས་ཚུད་ཡོད་པ་རེད།