འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།ཞིབ་འཇུག་སློབ་མ་20སློབ་གྲྭ་ནས་ཕུད་རྩིས་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། སློབ་གྲྭ་དེའི་ཞིབ་འཇུག་སློབ་མའི་སློབ་གླིང་གིས《སློབ་ཡུན་རིང་ཤོས་ལས་བརྒལ་བའི་ཞིབ་འཇུག་སློབ་མ་སློབ་གྲྭ་ནས་ཕུད་རྒྱུའི་ཐག་གཅོད་སྐོར་གྱི་སྤྱི་བསྒྲགས》(གཤམ་དུ“སྤྱི་བསྒྲགས”ཞེས་བསྡུ་རྒྱུ།)ཁྱབ་བསྒྲགས་བྱས་ནས་སློབ་གྲྭའི་སློབ་ཡུན་རིང་ཤོས་ལས་བརྒལ་བའི་ཞིབ་འཇུག་སློབ་མ་20གཙང་བཤེར་བྱས་ནས་ཕུད་རྩིས་ཀྱི་ཐག་གཅོད་བྱས་ཡོད། དེའི་ཁྲོད་སློབ་མ་14ནི་འབུམ་རམས་པའི་ཞིབ་འཇུག་སློབ་མ་རེད། 
     སྤྱི་བསྒྲགས་ལ་གཞིགས་ན། སློབ་གྲྭ་དེའི་ཞིབ་འཇུག་སློབ་མ་20སློབ་གྲྭའི་ནང་གཏན་འབེབས་བྱས་པའི་སློབ་ཡུན་རིང་ཤོས་ལས་བརྒལ་ལ་ཉེ། གསོ་སྐྱོང་བྱ་ཡུལ་སྡེ་ཚན་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་སློབ་མ་རང་ཉིད་དང་འབྲེལ་གཏུག་བྱེད་ཐབས་བྲལ་བར་བརྟེན་ད་ཆ་དྲ་རྒྱའི་ཐོག་ནས་སྤྱི་བསྒྲགས་བྱས་པ་དང་། སྤྱི་བསྒྲགས་དུས་ཚོད་ནི་2021ལོའི་ཟླ་11ཚེས་16ཉིན་ནས་ཟླ་12ཚེས་15ཉིན་བར་རེད། སྤྱི་བསྒྲགས་དུས་ཚད་འདང་རྗེས་སྔར་བཞིན་ཨ་ལན་སློག་མཁན་མེད་ན་རང་འགུལ་ངང་དོར་བར་བརྩིས་ནས་སློབ་ཡུན་རིང་ཤོས་ལོངས་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན། 
     ད་ལོའི་ཟླ་9པར། སློབ་གྲྭས《ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་གསོ་སྐྱོང་དོ་དམ་བྱ་ཐབས》དང《ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་གཞི་རྩའི་སློབ་གྲྭའི་ལམ་ལུགས་དང་སློབ་ཡུན་སོགས་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད། 
     གཏན་འབེབས་ལྟར་ན། རིག་གཞུང་སློབ་གནས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་གཞི་རྩའི་སློབ་ཡུན་ནི་ལོ་3ཡིན་པ་དང་། ཆེད་ལས་སློབ་གནས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་གཞི་རྩའི་སློབ་ཡུན་ནི་ལོ་2སམ་3ཡིན། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་ཡུན་རིང་ཤོས་དེ་གཞི་རྩའི་སློབ་གྲྭའི་ལམ་ལུགས་ལོ་2ལས་བརྒལ་མི་ཆོག  འབུམ་རམས་པའི་ཞིབ་འཇུག་སློབ་མའི་གཞི་རྩའི་སློབ་ཡུན་ལོ་4ཡིན་པ་དང་། རབ་འབྱམས་དང་འབུམ་རམས་པ་མཐུད་ནས་འདོན་པའི་ཞིབ་འཇུག་སློབ་མའི་གཞི་རྩའི་སློབ་གྲྭའི་ལམ་ལུགས(རབ་འབྱམས་པའི་སློབ་མའི་དུས་མཚམས་ཚུད་པ)ལོ་6ཡིན་པ། ཐད་ཀར་འབུམ་རམས་པ་འདོན་པའི་འབུམ་རམས་སློབ་གནས་ཀྱི་ཞིབ་འཇུག་སློབ་མའི་གཞི་རྩའི་སློབ་ཡུན་ལོ་5ཡིན་པ་རེད། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཡུན་རིང་ཤོས་ལོ་8ལས་བརྒལ་མི་ཆོག 
     གསར་འགོད་པས་དོ་སྣང་བྱས་དོན། ད་ཐེངས་ཀྱི་སྤྱི་བསྒྲགས་བྱས་པའི་མིང་ཐོའི་ནང་འབུམ་རམས་པའི་ཞིབ་འཇུག་སློབ་མ་14ཚང་མ་ནི་2014ལོར་སློབ་གྲྭར་ཞུགས་པ་རེད།  གཙང་བཤེར་བྱས་ནས་ཕུད་རྩིས་ཡིན་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་6གི་ཁྲོད་2ནི་2017ལོར་སློབ་གྲྭར་ཞུགས་པ་དང་། 4ནི་2018ལོར་སློབ་གྲྭར་ཞུགས་པ་རེད། གོང་གི་སློབ་མ་ཚང་མ་སློབ་གྲྭའི་གཏན་འབེབས་ཀྱི་སློབ་ཡུན་རིང་ཤོས་ལས་བརྒལ་ལ་ཉེ།