འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་གྱི་ཆུའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུས་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གྱི་རྒྱལ་ཡོངས་ཀྱི་ཆུའི་ཁོར་ཡུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་Iརིགས་ནས་IIIརིགས་བར་གྱི་བཅད་ཁའི་བསྡུར་ཚད་100%ཟིན་པ་དང་། ཞན་པ་Vརིགས་ཀྱི་བཅད་ཁའི་བསྡུར་ཚད་0རེད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་13དང་མཉམ་དུ་སྔོན་ལ་ཞན་པ་Vརིགས་ཀྱི་ཆུ་ངོས་གཙང་སེལ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་དཔྱད་ཞིབ་བྱ་ཡུལ་35ཡི་བཅད་ཁའི་ཆུའི་སྤུས་ཚད་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་Iརིགས་ནས་IIIརིགས་བར་གྱི་བཅད་ཁའི་བསྡུར་ཚད་100%ཟིན་པའི་ཞིང་ཆེན་འབའ་ཞིག་ལ་གྱུར་ཡོད།
     འདི་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་སྤྱི་འདོམས་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ཁ་དང་ས་ཁུལ་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚོད་འཛིན་ནན་པོ་བྱས་པ། བཅད་ཁ་ཁག་གཅིག་གི་ཆུ་སྤུས་ལེགས་སུ་དང་ཞན་དུ་འགྲོ་བར་དམིགས་ཏེ་དུས་ཐོག་ཏུ་སྔོན་བརྡ་གཏོང་བར་དམིགས་པ། འབྲུབ་ཆུ་རྒྱས་པའི་དུས་ཀྱི་ཆུ་སྤུས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། ཆུ་ལྗང་སྲུང་སྐྱོང་བྱེད་པའི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་འགྲོ་བའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
     ཆུའི་ཁོར་ཡུག་གི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་ལ་ཆེད་དོན་ལྟ་ཞིབ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་། གཙོ་གནད་རྒྱུག་ཁུལ་དང་། གཙོ་གནད་ས་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམ་པོར་དམིགས་ཏེ་གཙང་པོ་དང་མཚོ་ལ་དོ་དམ་སྲུང་སྐྱོང་དང་། ཆུའི་ཐོན་ཁུངས་བེད་སྤྱོད། ཆུའི་སྐྱེ་ཁམས་སྲུང་སྐྱོང་། སྲ་གཟུགས་བེད་མེད་དངོས་པོའི་དོ་དམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་བཅས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་བརྩོན་ལེན་ལས་དོན་ཏན་ཏིག་སྤེལ་ནས་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར་21.16རག་སྟེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། འབྲི་ཆུ་དང་རྨ་ཆུ་སོགས་གཙོ་གནད་རྒྱུག་ཁུལ་ལ་དམིགས་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་། ཆུའི་སྦགས་བཙོག་འགོག་བཅོས། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་། ལྟ་འདོམས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ནང་དོན་ལ་གཞིགས་ཏེ་མཐུད་སྐྲུན་དང་གསར་སྐྲུན་རྣམ་གྲངས་31བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་བར་འགན་ལེན་ནུས་ལྡན་བྱས་ཡོད།