འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་91པར་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་བ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས《2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། དེའི་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟླ་རེར་སྒོར་32མཐོ་རུ་བཏང་སྟེ་ཟླ་རེར་སྒོར་672ཟིན་ནས་འཕར་ཚད་5%ཟིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་ལོ་རེར་སྒོར་384མཐོ་རུ་བཏང་སྟེ་ལོ་རེར་སྒོར་5184ཟིན་ནས་འཕར་ཚད་8%ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི་ཧེ་བག་སྔར་ལས་ཆུང་དུ་སོང་བ་དང་ཆབས་ཅིག དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ཡང་ས་གནས་ཁག་གི་ལོ་དེ་རང་གི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི་ལྡབ་1.5ལྟར་ལེགས་སྒྲིག་དང་མཐོ་རུ་བཏང་ནས་2021ལོའི་ཟླ་12པའི་ཟླ་མཇུག་གོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བའི་མ་དངུལ་ཁ་གསབ་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་རྒྱུ་རེད།
     ལོ་མང་རིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་བྱེད་ཐབས་ཁག་གཅིག་སྡུད་བཏོན་པ་དང་། ལམ་ལུགས་ཀྱི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཏང་བ། མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ། དམངས་འཚོ་འགན་ལེན་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་བ་རེད། བསྡོམས་རྩིས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་བསྟུད་མར་ཐེངས་བཅུ་གསུམ་མཐོ་རུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི“ལོ་བཅུ་གསུམ་བསྟུད་མར་འཕར”ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་2008ལོའི་ཟླ་རེར་སྒོར་200ནས་2021ལོའི་ཟླ་རེར་སྒོར་672བར་མཐོ་རུ་བཏང་ནས་236%འཕར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོ་རེར་སྒོར་1084ནས་ལོ་རེར་སྒོར་5184བར་མཐོ་རུ་བཏང་ནས་378%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8ནས་སྒོར་དུང་ཕྱུར་15བར་མང་དུ་བཏང་ནས་87.5%འཕར་བ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི་33.5ཟིན་ཞིང་། ཚད་གཞི་མཐོ་རུ་བཏང་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་ཆེ་རུ་འོས་འཚམ་འགྲོ་སྲིད།