འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《ཁེ་ལས་འབྲིང་ཆུང་ལ་དཀའ་སེལ་རོགས་སྐྱོར་བྱེད་ཤུགས་
སྔར་བས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་ལ་དཀའ་སེལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
    ཁེ་ལས་འབྲིང་ཆུང་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ཡིན་ཞིང་། འཕེལ་རྒྱས་ལ་སྐུལ་འདེད་དང་། ལས་ཞུགས་འགན་ལེན། དམངས་འཚོ་ལེགས་གཏོང་སོགས་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། མ་བཅོས་རྒྱུ་ཆའི་རིན་གོང་འཕར་བ་དང་། མངག་ཐོ་ཉུང་བ། ཟོག་འགྲེམས་ཀྱི་མ་གནས་མཐོ་བ་བཅས་དང་དེ་བཞིན་ཏོག་གསར་གློ་ཚད་རིམས་ནད་མཆེད་པ། ས་ཁུལ་ཁ་ཤས་སུ་གློག་ཆད་པ་དང་གློག་གཏོང་ཚོད་བྱེད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཁེ་ལས་འབྲིང་ཆུང་གི་མ་གནས་གནོན་ཤུགས་ཆེ་རུ་དང་གཉེར་སྐྱོང་དཀའ་ངལ་ཆེ་རུ་ཕྱིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་ཤུགས་སྔར་བས་ཆེ་རུ་གཏོང་ཆེད《བརྡ་ཐོའི》ནང་ཕྱོགས་དགུའི་ཐད་ནས་སྲིད་ཇུས་ཀྱི་བྱེད་ཐབས་བཏོན་པ་རེད།
   《བརྡ་ཐོའི》ནང་གསལ་པོར་བཏོན་དོན། དཀའ་སེལ་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ལ་ཁེ་ལས་འབྲིང་ཆུང་གི་དཀའ་སེལ་དངུལ་བཀོད་སྒྲིག་བྱས་ཏེ་ལས་གཏོད་ཁག་ཐེག་གི་དངུལ་བུན་སྐྱེད་གསབ་དང་བྱ་དགའ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཐོག་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུའི་ཁག་ཐེག་གི་གྲོན་གཅོག་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་ཡག་པོ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། ཁྲལ་རིན་གཉིས་གཅོག་ལ་སྔར་བས་སྐུལ་འདེད་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་གཏན་འབེབས་ལྟར་2021ལོའི་དུས་ཚིགས་བཞི་པའི་ཁྲལ་རིན་ཁ་ཤས་འཇལ་རྒྱུ་ཕྱིར་འགྱངས་བྱས་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁ་ཤས་དུས་ཚད་ཐིམས་རྗེས་ཀྱི་རྒྱུན་མཐུད་སྲིད་ཇུས་ཞིབ་འཇུག་དང་འོས་འཚམ་ངང་བཏོན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་རྒྱུན་མཐུད་གཙང་བཤེར་བྱེད་དགོས།
    《བརྡ་ཐོའི》ནང་ནན་བཤད་བྱས་དོན། མ་གནས་འཕར་བའི་གནོན་ཤུགས་ཞི་ལྷོད་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཚོང་ཟོག་ཆེ་གྲས་ལ་ལྟ་ཞིབ་ཚད་འཇལ་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འབེལ་ཉོ་དཀོན་ཚོང་དང་རིན་གོང་ཧམ་སྤར་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་དུས་བཅད་ཚོང་ཟོག་ཀུང་སིས་ཁེ་ལས་འབྲིང་ཆུང་ལ་ཉེན་ཟོག་དོ་དམ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱུན་ཚིགས་གྲུ་གཟིངས་ཀུང་སིས་ཀྲུང་གོའི་ཕྱིར་གཏོང་གྲུ་ལམ་གྱི་དབོར་འདྲེན་བྱེད་ཤུགས་བརྟན་པོ་ཡོང་བ་བྱེད་པ། རྒྱུན་ཚིགས་གྲུ་གཟིངས་ཀུང་སིས་ཁེ་ལས་འབྲིང་ཆུང་གི་ཆེད་མངགས་ལམ་ཐིག་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་རེད། གློག་སྤྱོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཚང་གཡོལ་གློག་སྤྱོད་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཐོན་ལས་འཁོར་འབྲེལ་གྱི་འགག་རྩའི་ལྷུ་ཚིགས་ཁྲོད་ཀྱི་ཁེ་ལས་འབྲིང་ཆུང་གི་གློག་སྤྱོད་དགོས་མཁོ་འགན་ལེན་བྱེད་པ། ཆ་རྐྱེན་ཡོད་པའི་ས་ཆར་ཕྲན་ཚེགས་ཁེ་ལས་ཀྱིས་གློག་སྤྱོད་པར་དུས་མཚམས་རང་བཞིན་གྱི་གཟིགས་སྐྱོང་བྱ་རྒྱུའི་སྐུལ་མ་གཏོང་བ་བཅས་བྱེད་དགོས།