འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱས་ནས་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

—— རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བར་བསྔགས་བརྗོད་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཟླ་9ཚེས་21ཉིན་ནི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་ཡིན་ཞིང་། རྒྱལ་ཁབ་མང་པོའི་མི་སྣས་ལོ་མང་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་ཞི་བདེ་སྲུང་སྐྱོང་བྱེད་པ་དང་། རྒྱུན་མཐུད་ཆོག་པ་དང་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།
     ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ལས་འཛིན་ལྷན་ཚོགས་ཀྱི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་ཞི་ཡིའུ་ལི·ཐཱ་ཕུའུ་ལུའོ་ཕུའུ་སི་ཅིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ཀྱི་གྲོས་རིམ་ནང་ཧུར་ཐག་ཞུགས་ནས་འཛམ་གླིང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ཉིན་བཞིན་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་ཕྱོགས་མང་ལམ་སྲོལ་གསར་པའི་ཁྲོད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བརྗོད།
     ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁཱ་ཝུན་སི·ཨ་ཏེ་ཤེར་གྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ལ་གཞོལ་བ་དང་། ཐུན་མོང་གི་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་གཉིས་ཕན་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་ཞི་བདེ་མཉམ་གནས་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
     ནི་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲར་སི·ཨའོ་ནུའུ་ནའེ་དབྱི་ཀྲུའུ་ཡིས་ལོ་མང་རིང་ཀྲུང་གོས་གོ་ལ་ཧྲིལ་པོའི་ཞི་བདེ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་འབྲེལ། བྱ་སྤྱོད་དངོས་ལ་བརྟེན་ནས་ཨ་ཧྥེ་རི་ཁ་རྒྱུན་མཐུད་ཆོག་པ་དང་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སོགས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་ལྟེ་བའི་དགོས་མཁོར་དོ་ཁུར་བྱེད་ཀྱི་ཡོད་ཅེས་བརྗོད།
     ལེ་པ་ནོན་གྱི“ཨ་རབ་བའི་མིག་ནང་གི་ཀྲུང་གོ”ཞེས་པའི་གསར་འགྱུར་དྲ་ཚིགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་མཱ་ཧཱ་མའོ་ཏེ·ལཱ་ཡས་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་གཞན་དག་དང་ཞི་བདེ་མཉམ་གནས་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཞན་དག་ལ་འཆམ་མཐུན་དང་ཞི་བདེའི་སྤྱི་ཚོགས་སྐྲུན་པ་དང་དམག་འཁྲུག་དང་བཙན་འཛུལ་ལས་རྒྱང་ཐག་རིང་དུ་གཏོང་རྒྱུར་སྐུལ་མ་བཏང་བས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
     ཁེར་གྷི་སི་ཐན་རྒྱལ་ཁབ་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧྲེ་ལ་ཏིར་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱི་མཉམ་ལས་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་བ་དང་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ནང་སྲིད་ལ་ཕན་ཚུན་ཐེ་ཇུས་མི་བྱེད་པའི་རྨང་གཞིའི་ཐོག་ཁེར་གྷི་སི་ཐན་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པས་དེ་ནི་བློས་འགེལ་ཆོག་པའི་འཕེལ་རྒྱས་ཀྱི་རོགས་ཟླ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།