འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཨ་དབྱིན་ཨོ་རྒྱལ་ཁབ་གསུམ་གྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་སྣང་ཆུང་བྱས་ནས་ཉིང་རྡུལ་ཆུ་འཛུལ་
དམག་གྲུའི་མཉམ་ལས་བྱས་པ་ནི་ཧ་ཅང་འགན་མི་འཁུར་བ་ཞིག་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོས་རྒྱལ་སྤྱིའི་སྒྲིག་ལམ་ལ་སྣང་ཆུང་བྱས་ནས་ཕྱོགས་ཁག་གི་ངོ་རྒོལ་ལ་མ་བལྟོས་པར་མཚོ་དམག་གི་ཉིང་རྡུལ་སྒུལ་ཤུགས་ཀྱི་ཆ་འཕྲིན་སྤེལ་རེས་གྲོས་མཐུན་ཟེར་བ་བཟོས་ཏེ། ཉིང་རྡུལ་ཆུ་འཛུལ་དམག་གྲུའི་མཉམ་ལས་ལ་རང་འདོད་མཁྲེགས་བཟུང་གིས་སྐུལ་འདེད་བཏང་བ་ནི་ཧ་ཅང་འགན་མི་འཁུར་བ་ཞིག་རང་རེད་ཅེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས། ཚེས་19ཉིན་ཕོ་བྲང་དཀར་པོའི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གིས《ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོའི་མཚོ་དམག་གི་ཉིང་རྡུལ་སྒུལ་ཤུགས་ཀྱི་ཆ་འཕྲིན་སྤེལ་རེས་གྲོས་མཐུན》གྱི་བརྗེད་ཐོར་ཆོག་མཆན་བཀོད་པ་དང་སྦྲགས《གྲོས་མཐུན》དེས་རྒྱལ་ཁབ་གསུམ་པོའི་འགོག་སྲུང་ལས་དོན་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ངོ་བོའི་རང་བཞིན་གྱི་ལེགས་སྐྱེས་ཕུལ་ནས་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་ཕྱོགས་གསུམ་པོའི་བདེ་འཇགས་རོགས་ཟླའི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བཤད་པར། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
     ཀྲའོ་ལི་ཅན་གྱིས། ཀྲུང་གོས་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོས་ཉིང་རྡུལ་ཆུ་འཛུལ་དམག་གྲུའི་མཉམ་ལས་བྱས་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། བྱེད་སྟངས་དེས་ས་ཁུལ་གྱི་དུས་བབ་རྐང་བཙུགས་ནས་ཛ་དྲག་ཏུ་གཏོང་བ་དང་། དམག་ཤུགས་འགྲན་བསྡུར་ལ་ངར་སྐུལ་བྱེད་པ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་བཟོ་བ་བཅས་བྱས་ཏེ། རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཐད་འབད་བརྩོན་བྱས་པར་གནོད་འཚེ་བཟོས་ཡོད། རྒྱལ་ཁབ་མང་པོས་མཉམ་ལས་དེ་ལས་མཇུག་འབྲས་ངན་པ་ཐོན་སྲིད་པར་དོ་ཁུར་ཆེན་པོ་བྱེད་ལུགས་མཚོན་པར་བྱས་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས། ད་ལྟ་ལག་ལེན་བསྟར་བཞིན་པའི་འགན་སྲུང་ལྟ་སྐུལ་མ་ལག་གཞིར་བཟུང་། ཨ་རི་དང་དབྱིན་ཇིས་ཨོ་སི་ཁྲུ་ལི་ཡར་ཉིང་རྡུལ་སྒུལ་ཤུགས་ཀྱི་ཉིང་རྡུལ་འགྱུར་ཕུང་དང་དེར་མཁོ་བའི་མཚོན་ཆའི་རིམ་པའི་ཉིང་རྡུལ་རྒྱུ་ཆ་མཁོ་འདོན་བྱེད་རྩིས་ཡོད་པ་དེར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ལྟ་འདོམས་ནུས་ལྡན་བྱེད་ཐབས་བྲལ་ཡོད་ལ། འབྲེལ་ཡོད་ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་ལག་རྩལ་དེ་ཉིང་རྡུལ་མཚོན་ཆ་བཟོ་རྒྱུར་སྤྱད་མིན་འགན་ལེན་བྱེད་ཐབས་བྲལ་ཡོད། དེར་བརྟེན། ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོའི་བྱེད་སྟངས་དེས་ཉིང་རྡུལ་མཚོན་ཆ་མཆེད་པའི་ཉེན་ཁ་ཧ་ཅང་ཆེན་པོ་བཟོས་པས《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་སྐོར་གྱི་ཆིངས་ཡིག》གི་དམིགས་ཡུལ་ལས་འགལ་ཏེ། རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་མ་ལག་ལ་ཕོག་ཐུག་ཚབས་ཆེན་བཟོ་རྒྱུ་རེད་ཅེས་བརྗོད་པ་རེད།
     “ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོས་རྒྱལ་སྤྱིའི་སྒྲིག་ལམ་ལ་སྣང་ཆུང་བྱས་ནས་ཕྱོགས་ཁག་གི་ངོ་རྒོལ་ལ་མ་བལྟོས་པར་མཚོ་དམག་གི་ཉིང་རྡུལ་སྒུལ་ཤུགས་ཀྱི་ཆ་འཕྲིན་སྤེལ་རེས་གྲོས་མཐུན་ཟེར་བ་བཟོས་ཏེ། ཉིང་རྡུལ་ཆུ་འཛུལ་དམག་གྲུའི་མཉམ་ལས་ལ་རང་འདོད་མཁྲེགས་བཟུང་གིས་སྐུལ་འདེད་བཏང་བ་ནི་ཧ་ཅང་འགན་མི་འཁུར་བ་ཞིག་རེད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་དང་། ཁོང་གིས“སྐད་ཆ་དྲིས་རྒྱུར། རྒྱལ་ཁབ་གསུམ་པོས་ཆ་འཕྲིན་གང་དག་མཉམ་སྤྱོད་བྱ་རྒྱུ་ཡིན་ནམ། རྒྱལ་ཁབ་གསུམ་པོས་རང་སོ་སོས་འགན་ཁུར་བའི་རྒྱལ་སྤྱིའི་འོས་འགན་དང་མཐུན་ཡོད་དམ། ཉིང་རྡུལ་མཚོན་ཆ་མཆེད་སྲིད་དམ། རྒྱལ་ཁབ་གསུམ་པོས་གང་འདྲ་བྱས་ཏེ་འབྲེལ་ཡོད་ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་ལག་རྩལ་དེ་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་རྒྱུར་མི་སྤྱོད་པའི་འགན་ལེན་གང་འདྲ་བྱེད་དམ། དེའི་ནོར་འཁྲུལ་གྱི་བྱེད་སྤྱོད་ཀྱིས་རྒྱལ་ཁབ་གཞན་དག་ལ་མིག་ལྟོས་ངན་པ་འདོན་རྒྱུ་སྔོན་འགོག་གང་འདྲ་བྱེད་དམ། རྒྱལ་ཁབ་གསུམ་པོར་གནད་དོན་འདི་དག་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱེད་པའི་འོས་འགན་ཡོད”ཅེས་བརྗོད་པ་རེད།