འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།བོད་དང་སི་ཁྲོན་ཁྲུང་ཆིང་ཀུའེ་ཀྲོའུ་བཅས་དབར་ཐེམ་ཁུངས་སྒྱུར་བའི་ལས་སྒོ་གཉེར་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། གྲོང་མི་ཞུས་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་ཐེམ་ཐོའི་ལས་གཉེར་ཚོམས་ཆེན་དུ་བསྐྱོད་ནས་ཁོང་གི་ཕྲུ་གུའི་ཐེམ་ཐོ་སྒྱུར་བའི་ལས་སྒོ་གཉེར་བ་རེད། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་བསྐྱལ་རྗེས། ཉིན་གཉིས་པར་མི་དམངས་ཉེན་རྟོག་པས་ཁོང་ལ་གཉེར་ཟིན་པའི་ཐེམ་ཐོ་ལེན་པར་ཡོང་དགོས་པའི་བརྡ་ཐོ་བཏང་བ་རེད། “དང་ཐོག་ངས་དེ་སྔའི་ཐེམ་ཐོ་གནས་ས་དང་ཐེམ་ཐོ་གཞིས་ཆགས་སའི་དབར་ཕར་འགྲོ་ཚུར་འོང་བྱེད་དགོས་པའི་གྲ་སྒྲིག་བྱས་པ་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་གཅིག་ལ་གཉེར་ཐུབ་སོང་། དངོས་གནས་སྟབས་བདེ་པོ་འདུག”ཅེས་ཞུས་ལགས་ཀྱིས་གསར་འགོད་པར་བརྗོད།
     ཉེ་ཆར་ཐེམ་ཁུངས་དོ་དམ་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཐེམ་ཐོའི་ལས་གཉེར་ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་གྱི་ཐེམ་ཁོངས་སྒྱུར་བའི་ལས་སྒོ་ཁག་5ཕྱོགས་ཡོངས་ནས་གཉེར་འགོ་ཚུགས་པས། “གྲངས་གཞིར་མང་ཙམ་བརྟེན་པ་ལས་མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།
     “ད་ཐེངས་ཐེམ་ཁུངས་སྒྱུར་བའི་ལས་སྒོ་གཉེར་འགོ་ཚུགས་པ་དེས། སྤྱི་བདེ་ལས་ཁུངས་ཀྱི་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ་དང་། ལས་སྒྲུབ་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ། ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་ཕན་པ་བྱུང་ནས་མང་ཚོགས་ལ་དེ་བས་སྟབས་བདེ་དང་། གནད་སྨིན། དྲོ་སྐྱིད་བཅས་ཀྱི་དམངས་སྲིད་ཞབས་འདེགས་ཞུ་བ་དང་མང་ཚོགས་ཀྱིས་ཡུལ་གཞན་དུ་ཐེམ་ཁུངས་སྒྱུར་བ་སོགས་ཀྱི་ལས་སྒོ་གཉེར་བར་སྟབས་བདེ་མང་པོ་བསྐྲུན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་འཇགས་ཚོར་སྣང་དེ་བས་ཆེ་རུ་འགྲོ་སྲིད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།