འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།བོད་སྐྱོད་རྒན་གྲས་སྙིང་སྟོབས་ནམ་ཡང་གནས། ས་མཐོའི་ཡུལ་གྲུ་ཀུན་ནས་བསྟོད་གླུ་ལེན།

—— “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྐོར་གྱི་དཔྱད་གླེང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཆོས་རྒྱལ(དཀྱིལ)ཕ་བུས་སྨན་སྒམ་བསྡུ་གསོག་རྒྱག་བཞིན་པ།
འདི་ནི་ཆོས་རྒྱལ(དཀྱིལ)ཕ་བུས་སྨན་སྒམ་བསྡུ་གསོག་རྒྱག་བཞིན་པ།
     བོད་ལྗོངས་ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་དྲན་གསོའི་རྡོ་རིང་མདུན་དུ། ཉིན་ལྟར་ལྟ་སྐོར་བས་དུར་མཆོད་བྱེད་མཁན་ཡོད། དེ་གར་བོད་དུ་དཔུང་སྐྱོད་བྱེད་མཁན་དང་བོད་ཀྱི་འཛུགས་སྐྲུན་ལ་ཚེ་སྲོག་སྐྱེས་སུ་ཕུལ་བའི་བུ་ཕྲུག་དཔའ་བོ་གཟིམ་ཡོད།
     ཞི་བས་བཅིངས་འགྲོལ་མ་བཏང་གོང་ཡངས་ཤིང་རྒྱ་ཆེ་བའི་བོད་དུ་གཞུང་ལམ་གཅིག་ཀྱང་མེད་པ་དང་། མཚོ་སྔོན་དང་ཟི་ལིང་ངམ་སི་ཁྲོན་གཡག་རྔ་ནས་ལྷ་ས་བར་འགྲོ་འོང་ཐེངས་རེ་བྱེད་པར་ལམ་བར་དུ་ལོ་ཕྱེད་ནས་ལོ་གཅིག་བར་འགོར་གྱི་ཡོད།
     བོད་ལ་སྐྱོད་པའི་ལམ་ནི་སི་ཁྲོན་གྱི་ལམ་ལས་དཀའ་ཚེགས་ཆེ་བ་ཡོད། སྐབས་དེ་དུས་བོད་སྐྱོད་བུད་མེད་དམག་མི་ལི་ཅུན་ཁྲེན་གྱིས“མི་རེས་ལྗིད་ཚད་ལ་རྒྱ་མ་50ཙམ་གྱི་རྡོག་ཁྲེས་འཁུར་དགོས།      གངས་རི་ཆེན་པོ་རྒྱག་སྐབས་ཚང་མའི་མཆུ་ཏོ་སྨུག་པོ་དང་ངོ་གདོང་སྐྱ་བོར་གྱུར་ནས་ངལ་བས་མ་བཟོད་པར་ཁ་ནས་ཁྲག་དྲི་བྲོ་ཡང་སྔར་མུས་བཞིན་མདུན་སྐྱོད་བྱེད་ཀྱི་ཡོད”ཅེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད།
     རང་བྱུང་ཁམས་དང་འཐབ་རྩོད་བྱེད་རིང་སྙིང་སྟོབས་རིམ་གྱིས་གཏོད་ཡོད།
     ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། དུས་ཡུན་རིང་པོའི་ནང་གུང་ཁྲན་ཏང་ཡོན་ཁག་དང་ཁག་གིས་གཅིག་རྒྱུན་གཅིག་གིས་བསྐྱངས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ། དཀའ་སྤྱད་འབད་འཐབ་བྱེད་པའི་དམ་བཅའ་ཡིད་ལ་བརྟན་པོར་བཅངས།
     2021ལོའི་ཟླ་6ཚེས་25ཉིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ཡོད། ལོ་6ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་འཛུགས་སྐྲུན་པ་ཚོས་ངལ་བ་ཁྱད་བསད་དང་དཀའ་སྤྱད་འབད་འཐབ་བྱས་ནས་ས་མཐོའི་ལྕགས་ལམ་གྱི་དཀའ་གནད་མང་པོ་ཁྱད་བསད་བྱས་མཐར། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་བསྐྲུན་ནས“འཛམ་གླིང་ཡང་རྩེ”ལ“བསྐྱར་དར་རྟགས་ཅན”ཤར་གཏོང་ཐུབ་པའི་དུས་རབས་ཤར།
     བརྙན་འཕྲིན་ནས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས། བོད་ལ་བཅིངས་འགྲོལ་བཏང་བའི་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་དུས་སི་ཁྲོན་ཁྲེང་ཏུར་ཡོད་པའི་ལོ་88ལ་སླེབས་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་བ་རྒན་གྲས་ཤོའེ་ཅིང་ཅེར་མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཡོད།
     སྐབས་དེ་དུས་འཐབ་འཛིང་བ་དཀྱུས་མ་ཡིན་པའི་ཤོའེ་ཅིང་ཅེས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་དཀའ་ཚེགས་ཆེ་བའི་ལམ་དུ་ཞུགས། “ལམ་བར་དུ་ནག་ཆུ་བརྒྱུད་སྐབས་ས་བབ་མཐོ་ཚད་སྨི་4550ཟིན་པ་དང་། ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུ་བཞི་བཅུ་ཟིན་པ། གཙང་པོ་དང་ཆུ་བོར་འཁྱགས་པ་ཐེབས་ཡོད། འཐབ་འཛིང་བ་ཁག་གཅིག་ལྷ་སར་འབྱོར་སྐབས་ལམ་བར་དུ་གྲང་ངར་ཆེ་བའི་རྐྱེན་གྱིས་རྐང་པར་འཁྱགས་སྦོས་ཐེབས་ནས་གཅོད་དགོས་འཁེལ་ཡོད”ཅེས་བརྗོད།
     སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཁྲོན་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་མི་རབས་མང་པོའི་ཁྲག་རྒྱུན་དུ་འདྲེས་ཡོད། དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70རིང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་གསོན་ཉམས་དོད་པའི་དཔང་པོ་ཞིག་རེད།
     བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པ་དང་དེར“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱི་ཡོད། ལོ་20ལྷག་ཙམ་གོང་དགུང་ལོ་50ལ་ཕེབས་པའི་ཁུང་ཧྥན་སེན་གཞུང་དོན་དུ་སྐུ་གཤེགས། སྐུ་འཚོ་བཞུགས་སྐབས་ཁུང་ཧྥན་སེན་གྱིས་བོད་སྐྱོར་ལས་བྱེད་པ་ཐེངས་གཉིས་གནང་བ་དང་། ཕྱིས་སུ་བོད་དུ་ཕྱག་ལས་གནང་ནས་ཞུགས།
     “བོད་དུ་ཕྱག་ལས་གནང་བར་ཕེབས་པར་དཀའ་ངལ་སྣ་ཚོགས་ཁྱད་དུ་གསོད་དགོས་བྱུང་ཡོད། དེ་དུས་ཁོང་གི་ཨ་མ་ལོ་ན་མཐོ་བ་དང་། བཟའ་ཟླའི་གཟུགས་པོ་ཐང་པོ་མེད་པ། ཕྲུ་གུ་གསུམ་ཀ་ལོ་ཆུང་ཆུང་རེད”ཅེས་བློ་མཐུན་ཁུང་ཧྥན་སེན་དྲན་གསོ་ཁང་གི་ཀོན་ཀྲང་ཀའོ་ཧྲན་གྱིས་བརྗོད། ཁོང་གིས“ཁུང་ཧྥན་སེན་སོགས་ལས་བྱེད་པའི་ལུས་ནས་མངོན་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསམ་པའི་གོ་རྟོགས་རེད”ཅེས་བཤད།
     བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་པ་དང་། མི་དཀྱུས་མས་བསམ་ཚོད་དཀའ་བའི་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་སྡུག་བསྔལ་བཟོད་བསྲན་བྱས་ནས། བོད་ལྗོངས་འཛུགས་སྐྲུན་དང་མཐའ་མཚམས་སྲ་བརྟན་གཏོང་བའི་འགན་འཁྲི་དང་དུ་བླངས་ཡོད།
     1951ལོ་ནས་1978ལོའི་བར་ཀྲུང་དབྱང་གིས་རྒྱལ་ཡོངས་ནས་ལས་བྱེད་པ་ཁྲི་གསུམ་ལྷག་ཙམ་བོད་དུ་ལས་དོན་སྒྲུབ་པར་མངགས། 1994ལོ་ནས་2020ལོའི་བར་ཕུལ་དུ་བྱུང་བའི་ལས་བྱེད་པ་དགུ་སྟོང་ལྷག་གིས་བོད་སྐྱོར་བྱས་ཡོད།
     གསོ་རླུང་དཀོན་ཀྱང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གསར་གཏོད་བྱེད་མཁན་ནས་ལག་ལེན་པ་དང་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱེད་རིང་སྟོབས་ཤུགས་ཆེན་པོ་འདོན་བཞིན་ཡོད།
     “འདི་གར་གསོ་རླུང་འདུས་ཚད་དམའ་པོ་རེད། ཐོག་མར་སླེབས་སྐབས་རྟག་ཏུ་མགོ་ཡུར་འཁོར་གྱི་འདུག འདི་གར་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བ་ནི་ཚོད་བགམ་ཞིག་རེད” 2019ལོའི་ཟླ་བདུན་པར་ཤིས་ཨན་ནས་མངའ་རིས་སུ་སླེབས་མ་ཐག་པའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་ཧོ་ཅུན་གྱིས་སྔར་སོང་གི་ལོ་ཟླ་བློ་ལ་བརྟན་པོར་ངེས་ཡོད།
     མངའ་རིས་ས་ཁུལ་གྱི་ས་རྒྱ་ཧ་ཅང་ཆེ་ཞིང་། རྫོང་དང་ཤང་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས་རླངས་འཁོར་དུ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་སྐྱོད་དགོས་ཀྱི་ཡོད། བོད་དུ་སླེབས་ནས་ལོ་གཉིས་ལྷག་ཙམ་སོང་རིང་ཧོ་ཅུན་གྱི་མཆུ་ཏོ་སྨུག་པོ་དང་ངོ་གདོང་ནག་པོར་གྱུར་ནས་ས་གནས་དེ་རང་གི་བོད་རིགས་མང་ཚོགས་དང་འདྲ་པོ་ཆགས་ཡོད། བོད་སྐྱོར་བྱེད་རིང་བསྒྲུབས་པའི་ལས་ཀར་ཕྱིར་མིག་ལྟ་སྐབས། ཁོང་གིས་བོད་སྐྱོར་ལས་དོན་དཀའ་ཚེགས་ཆེ་ཡང་། དེ་ནི་གཟི་བརྗིད་ཆེ་ཤོས་དང་གནོང་འགྱོད་སྤུ་ཙམ་མེད་པའི་གདམ་ག་ཞིག་རེད་ཅེས་བཤད།
     ས་མཐོའི་ཁོར་ཡུག་ཞན་པོ་ནི་བོད་རང་གི་ལས་བྱེད་པ་ལའང་འཕྲད་པའི་འགྲན་སློང་དྲག་པོ་ཞིག་རེད།
     ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྲིད་གྲོས་གཞུང་དོན་ཁང་གི་ཀྲུའུ་རེན་ཆོས་རྒྱལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་མདོ་བ་ཞིག་ཡིན་པ་དང་སློབ་ཆེན་ཐོན་རྗེས་ཨ་མདོ་ནས་ཁ་འབྲལ་མྱོང་མེད། ངོ་གདོང་ནག་པའི་ཆོས་རྒྱལ་འགྲོ་དུས་འཐེང་ཙམ་འཐེང་ཙམ་བྱེད། ད་ཆ་གྲུམ་བུའི་ནད་ཚབས་ཆེ་བས་རྐང་པའི་བཟོ་ལྟ་གྱུར་ཏེ་ཨང་གྲངས་ཁ་ཤས་ཆེ་བའི་ལྷམ་མི་གྱོན་ཀ་མེད་དུ་གྱུར།
     “ཨ་མདོའི་རང་བྱུང་ཆ་རྐྱེན་ཞན་ཡང་། ཏང་དང་རྒྱལ་ཁབ་ཀྱིས་བསྐྱངས་པའི་ལས་བྱེད་པ་ཡིན་ན། མང་ཚོགས་ཀྱི་དོན་དུ་དཀའ་སྤྱད་འབད་འབུངས་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་རྩ་འཛུགས་ཀྱི་རེ་བ་ཆུད་ཟོས་སུ་འགྲོ་མི་སྲིད”ཅེས་ཆོས་རྒྱལ་གྱིས་བཤད།
     བོད་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་དེ་སྔའི་གྲོང་སྡོད་ལས་བྱེད་པ་ངག་དབང་སྒྲོལ་དཀར་མ་གྲོངས་གོང་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་སོགས་སུ་བཅའ་སྡོད་བྱས་པ་དང་། ཐོག་མའི་འཆར་གཞི་ལྟར་ན་གྲོང་ཚོར་བཅའ་སྡོད་ལོ་གཅིག་བྱས་ནས་རེས་མོས་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གིས་ལོ་4ལྷག་ཙམ་བསྟུད་མར་གྲོང་ཚོར་བསྡད། མཐར་ཁོང་གྲོང་ཚོར་བཅའ་སྡོད་ཀྱི་འཐབ་ས་དང་པོར་གྲོངས་པ་རེད།
     སྒེར་སེམས་མེད་པའི་ལེགས་སྐྱེས་དང་བློས་གཏོང་ཆེན་པོ་བྱས་ཡོད་པས། ད་ཆའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
     བོད་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་ས་མཐོའི་བུ་ཕྲུག་ལ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྣེ་ཁྲིད་ཐུབ་ངེས་རེད།
འདི་ནི་ཁུང་ཧྥན་སེན(གཡས)གྱིས་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གོག་པོ་ཤང་དུ་མི་ཧྲེང་རྒན་རྒོན་ཡེ་ཤེས་སྒྲོལ་མའི་ཁྱིམ་དུ་འཚམས་འདྲི་གནང་བཞིན་པ།
འདི་ནི་ཁུང་ཧྥན་སེན(གཡས)གྱིས་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གོག་པོ་ཤང་དུ་མི་ཧྲེང་རྒན་རྒོན་ཡེ་ཤེས་སྒྲོལ་མའི་ཁྱིམ་དུ་འཚམས་འདྲི་གནང་བཞིན་པ།