འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།འཇིག་རྟེན་འཕུར་སྐྱོད་པ་འདི་གསུམ་ལ་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།འཇིག་རྟེན་འཕུར་སྐྱོད་པ་འདི་གསུམ་ལ་རྟེན་འབྲེལ་ཞུ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་ཉེ་ཧའེ་ཧྲེང་ལ“རིམ་པ་དང་པོའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། ལིའུ་པོ་མིང་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུ། ཐང་ཧུང་པོར“དཔའ་བོ་འཇིག་རྟེན་འཕུར་སྐྱོད་པ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། 
     ཟླ་6ཚེས་17ཉིན། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ལིའུ་པོ་མིང་། ཐང་ཧུང་པོ་བཅས་ཀྱིས་ལྷ་གྲུ་ཨང་བཅུ་གཉིས་པའི་མི་བཞུགས་འཕུར་གྲུ་གཏོང་སྡོད་བྱས་ནས་བདེ་བླག་ངང་བར་སྣང་དུ་འཕུར་ཐུབ་པ་བྱུང་ནས་ཐེན་ཧོ་ལྟེ་བའི་གྲུ་ཚང་དང་རང་བརྟེན་མགྱོགས་མྱུར་སྦྲེལ་མཐུད་ཐུབ་པ་དང་འབྲེལ་གསར་གཏོད་རང་བཞིན་དང་། ཚན་རིག་དང་མཐུན་པའི་ཚོད་ལྟ། བར་སྣང་བཀོལ་སྤྱོད་བཅས་ཀྱི་ལས་འགན་རབ་དང་རིམ་པ་སྤེལ་བ་དང་། འཁོར་ལམ་ཐོག་ཟླ་བ་3བསྡད་དེ་ཟླ་9ཚེས་17ཉིན་བདེ་བླག་ངང་ཕྱིར་ལོག་བྱས་པ་རེད། ལྷ་གྲུ་ཨང་བཅུ་གཉིས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི“གོམ་སྟབས་གསུམ”གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་པ་ཐེངས་དང་པོར་རང་ཉིད་ཀྱི་བར་སྣང་ས་ཚིགས་སུ་ཞུགས་ཐུབ་བྱུང་བ། འགག་རྩའི་ལྟེ་བའི་ལག་རྩལ་མང་པོའི་ཐད་འགག་སྒྲོལ་གལ་ཆེན་བྱུང་བ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལས་དོན་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་གོམ་སྟབས་གསར་པ་སྤོས་པ་མཚོན་པ། ཚན་རྩལ་ལ་བརྟེན་པའི་རྒྱལ་ཁབ་སྟོབས་ཆེན་དང་འཇིག་རྟེན་འཕུར་སྐྱོད་ལ་བརྟེན་པའི་རྒྱལ་ཁབ་སྟོབས་ཆེན་ཞིག་མགྱོགས་མྱུར་བསྐྲུན་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་དེ་དག་ནི་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་དང་མུ་མཐུད་འབད་འཐབ་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། 
     ལྷ་གྲུ་ཨང་བཅུ་གཉིས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བར་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ་པ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་གོང་བུར་འགྲིལ་ཡོད། བློ་མཐུན་ཉེ་ཧའེ་ཧྲེང་དང་། ལིའུ་པོ་མིང་། ཐང་ཧུང་པོ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་དཔེ་བཟང་ཡིན་ཞིང་། ཁོང་ཚོས་བཀའ་ལ་ཉན་པ་དང་། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ། དཀའ་ཉེན་ལ་མི་སྐྲག་པར་མཐུན་སྒྲིལ་མཉམ་ལས་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། བློ་མཐུན་ཉེ་ཧའེ་ཧྲེང་གིས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་ཐེངས་3བསྒྲུབས་པ་དང་། ཐེངས་2བཀའ་བཀོད་སྒྲོག་མཁན་བྱས་པ། འཁོར་ལམ་ཐོག་ཉིན་100སྡོད་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་པ་རེད། བློ་མཐུན་ལིའུ་པོ་མིང་གིས་ལོ་བཅུ་ལྷག་ཙམ་རིང་ཉིན་གཅིག་ལྟར་ལས་རྐང་བརྟན་སྲུང་བྱས་ནས་མཁའ་དབྱིངས་སུ་ཐེངས་གཉིས་འཕུར་སྐྱོད་བྱས་པ་དང་། ད་ཐེངས་ཀྱི་ལས་འགན་ནི་གྲུ་ཚང་ནས་ཕྱིར་ཐོན་བྱེད་སྒོ་ཐེངས་གཉིས་སྤེལ་རྒྱུ་རེད། བློ་མཐུན་ཐང་ཧུང་པོ་ཡིས་སྦྱོང་བརྡར་ཏན་ཏིག་དང་དཀའ་སྤྱད་སྦྱོང་བརྡར་བྱས་ནས་འཇིག་རྟེན་འཕུར་སྐྱོད་པའི་ཁག་གཉིས་པའི་ཁྲོད་ནས་འཕུར་ཁང་ནས་ཐོན་ཏེ་བྱེད་སྒོ་ཐེངས་དང་པོ་སྤེལ་མཁན་ཞིག་རེད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་མཛད་རྗེས་གཟེངས་སུ་ཐོན་པ་བཞག་པར་གཟེངས་བསྟོད་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཉེ་ཧའེ་ཧྲེང་ལ“རིམ་པ་དང་པོའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ལིའུ་པོ་མིང་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུ། བློ་མཐུན་ཐང་ཧུང་པོ་ལ“དཔའ་བོ་འཇིག་རྟེན་འཕུར་སྐྱོད་པ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་མཛད་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།