འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་23ཉིན།

༄༅།།“འདུས་ན་མེ་ཕུང་དང་ཐོར་ན་སྐར་ཚོགས་ཡིན”

—— མཚོ་སྔོན་ཟི་ལིང་གི་བཀག་སྡོམ་ཁུལ་མཐའ་མ་དེ་གློད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་23ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་མཚན་མོ་འགོག་སྲུང་གྱོན་ཆས་གྱོན་པའི་ལས་དོན་མི་སྣས་ཁུལ་ཆུང་གི་རྒྱལ་སྒོའི་མདུན་གྱི་ཉེན་ཟོན་སྒྲིག་ཆས་མཐའ་མ་དེ་བཤིགས་པ་དང་སྦྲགས། ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་གྱི་ཏིང་ཨན་མིང་ཁྲེང་ཧྲེང་ཅིང་ཁུལ་ཆུང་དུ་གྲོང་མི་ཚོས་མཉམ་དུ་དགའ་བའི་གླུ་གཞས་བླངས། ལོ་12ལ་སླེབས་པའི་ཏུང་ཀྲེན་ཆི་དང་གྲོགས་པོ་ཆུང་ཆུང་ཚོས་འཕྲལ་དུ་ཁུལ་ཆུང་གི་རྒྱལ་སྒོ་ནས་དོན་ཞིང་། སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་རྒྱལ་དར་གཡུག་བཞིན་ཡོད་པ་དང་ཁ་རས་བརྒྱབ་ཀྱང་དགའ་སྤྲོའི་འཛུམ་མདངས་རབ་ཏུ་མངོན།
     ཚེས་19ཉིན་གྱི་ཆུ་ཚོད་21དང་སྐར་མ་4ལ། ཟི་ལིང་གྲོང་ཁྱེར་གྱི་བཀག་སྡོམ་ཁུལ་མཐའ་མ་སྟེ། ཏིང་ཨན་མིང་ཁྲེང་ཧྲེང་ཅིང་ཁུལ་ཆུང་དེ་འགོག་ཟོན་ཁུལ་དུ་ལེགས་སྒྲིག་བྱས་པ་ལས་ཟི་ལིང་གྲོང་ཁྱེར་གྱི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་བྱེད་ཁུལ་ཚང་མ་གློད་ནས་ཟི་ལིང་གྲོང་ཁྱེར་གྱིས་གབ་ཡུན་གཅིག་གི་རིང་རིམས་ནད་བཀག་འགོག་རགས་ཙམ་ཐུབ་པ་མཚོན་གྱི་ཡོད།
     ཟླ་10ཚེས་28ཉིན་ནས་བཟུང་། རེས་སྐོར་འདིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་11ཐོན་ཡོད། ཏིང་ཨན་མིང་ཁྲེང་ཧྲེང་ཅིང་ཁུལ་ཆུང་དུ་ཟླ་11ཚེས་5ཉིན་གཏན་འཁེལ་ནད་དཔེ་གཅིག་ཐོན་པ་དང་། དུས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ལོགས་བཀར་དོ་དམ་ཚོད་འཛིན་དང་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་སོགས་ཀྱི་རིམས་འགོག་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་བཀག་སྡོམ་དང་དོ་དམ་ཚོད་འཛིན་ཁུལ་གྱི་གྲོང་མི་676གིས་དུས་ཡུན་ཉིན་14ཡི་རིང“ཁུལ་ཆུང་གི་ཕྱིར་མི་དོན་པའི”འཚོ་བ་ལོགས་བཀར་སྐྱེལ་འགོ་ཚུགས་པ་རེད།
     “དང་ཐོག་བཀག་སྡོམ་བྱས་པའི་གནས་ཚུལ་ཐོས་སྐབས། སེམས་ཁྲལ་ཆེན་པོ་བྱུང་མོད། འོན་ཀྱང་རིམས་འགོག་མི་སྣ་མང་པོ་ཞིག་མཚན་གང་ང་ཚོའི་འགྲམ་དུ་བསྡད་ཡོད་པ་མཐོང་སྐབས། ངའི་སེམས་ཁྲལ་རྦད་དེ་བསལ་སོང་། བློ་བདེའི་ངང་ལོགས་སུ་བསྡད་ནས་རྙོག་དྲ་མི་བཟོ་བ་ནི་རང་ཉིད་ཀྱི་ལེགས་སྐྱེས་ཆེ་ཤོས་རེད”ཅེས་ཁུལ་ཆུང་གི་གྲོང་མི་དབྱང་ཀྲུང་མིན་གྱིས་བཤད།
     གྲོང་བྱང་ཆུས་ཁྲའོ་དབྱང་ཁྲོམ་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་གཞོན་པ་ཝང་མེ་ཅོན་གྱིས་ཉིན་14ཁུལ་ཆུང་དུ་བཅའ་སྡོད་བྱས་ཤིང་། ས་ཁོངས་དེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚན་ཁག་ཚོགས་ཆུང་གི་འགན་འཁུར་བ་ཞིག་གི་ངོས་ནས། ཁོང་གིས་ཁོངས་མི་རྣམས་སྒྲིག་ལམ་སྲུང་སྐྱོང་དང་། སྨན་བཅོས་རོགས་སྐྱོབ། དུག་སེལ་སོགས་ཀྱི་འགན་འཁྲིའི་ཚོགས་ཆུང་8ལ་ཕྱེ་ནས་སྟར་པ་དང་སྡེ་ཁག་གི་འགན་འཁུར་བ་ཁག་དང་འབྲེལ་མཐུད་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
     རེས་སྐོར་འདིའི་རིམས་ནད་ཐོན་རིང་། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་རིག་པའི་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས། བཀག་སྡོམ་ཁུལ་15དང་དོ་དམ་ཚོད་འཛིན་ཁུལ་17དབྱེ་བ་དང་། གྲོང་མི་ཁྲི་སྟོང་མང་པོས་རང་ཉིད་ཀྱི་འགན་འཁྲི་ཡག་པོ་བསྲུངས་པ་དང་། སྨན་དོན་མི་སྣ་ཁྲི་1ལྷག་ཙམ་རིམས་འགོག་གི་འཐབ་ས་མདུན་མར་བསྐྱོད་པ། ཏང་ཡོན་ལས་བྱེད་པ་5872ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་176ཏུ་བསྐྱོད་པ། ཏང་ཡོན་དང་བླངས་པ་དང་སེམས་རྩ་འཁོལ་བའི་གྲོང་མི་མང་པོ་ཞིག་གིས་བདེན་དོན་ཐད་ཕྱིར་བཤོལ་མི་བྱེད་པར་རིམས་འགོག་གི་གཡུལ་སར་བསྐྱོད་པ་སོགས་ས་མཐོའི་གནའ་གྲོང་གི་རྣམ་པ་མང་པོ་ལས་དམངས་སེམས་གཅིག་མཐུན་གྱིས་རིམས་ནད་དང་དམག་འཐབ་བྱེད་པའི་རི་མོ་མི་སེམས་འགུལ་བ་ཞིག་བྲིས་ཡོད།
     ཟླ་11ཚེས་19ཉིན་བར། ཟི་ལིང་གྲོང་ཁྱེར་ཏིང་ཨན་མིང་ཁྲེང་ཧྲེང་ཅིང་ཁུལ་ཆུང་གི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་དུ་ཉེ་བའི་ཉིན་14ཡི་རིང་ས་ཁོངས་དེ་གའི་ནད་དཔེ་གསར་པ་ཐོན་མེད་པའམ་ཡང་ན་ནད་རྟགས་མེད་པའི་ནད་པ་ཐོན་མེད་པ་དང་། ས་ཁོངས་ནང་གི་མི་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་ཚང་མ་སྲིབ་གཤིས་ཡིན་པ། ས་ཁོངས་ནང་གི་ཁོར་ཡུག་གི་མ་དཔེ་340ཡི་བརྟག་དཔྱད་འབྲས་བུ་ཚང་མ་སྲིབ་གཤིས་ཡིན་པས། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཚོད་སྐོར་བྱས་པ་བརྒྱུད་གོང་ཞུ་བྱས་ནས་མོས་མཐུན་ཐོབ་རྗེས་ས་ཁོངས་དེ་བཀག་སྡོམ་གློད་པའི་ཚད་གཞི་དང་མཐུན་ཡོད་པ་རེད།