མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་20ཉིན། 22:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས(2021ལོ་ནས་2025ལོའི་བར)》དང་། 《དམག་དཔུང་གི་བྱས་རྗེས་མཚན་སྙན་ གཟེངས་བསྟོད་སྲོལ་ཡིག》 《རྒྱལ་ཁབ་ཚན་རྩལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་2021ལོའི་བློ་འདྲིའི་སྙན་སེང》བཅས་ལ་གྲོས་ཞིབ་བྱས་པ།
    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་ ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས(2021ལོ་ནས་2025ལོའི་བར)》དང་། 《དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག》 《རྒྱལ་ཁབ་ཚན་རྩལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་2021ལོའི་བློ་འདྲིའི་སྙན་སེང》བཅས་ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཚོགས་འདུའི་ཐོག་བསྟན་དོན། དུས་བབ་གསར་པའི་འོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་བདེ་འཇགས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་ཀྱིས་གཅིག་སྡུད་གཅིག་གྱུར་དང་ཕན་འབྲས་ཆེ་ཞིང་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་རྩ་བའི་རྩེ་ལ་འཛིན་རྒྱུ་བཅས་གཅིག་གྱུར་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་དང་། མཐའ་ཁུལ། མཐའ་འཁོར་བཅས་ལྷིང་འཇགས་དང་སྒྲིག་ལམ་ལྡན་པ་སྲུང་སྐྱོང་བྱེད་པ། བདེ་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགུལ་རྣམ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ཀྱི་དམག་འཐབ་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་སྤྱི་འདོམས་བྱེད་པ། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་ཕན་ཚུན་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ངེས་པར་དུ་ཆབ་སྲིད་ཀྱི་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་གྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། ཚན་རྩལ་གྱི་བདེ་འཇགས། ཁྱབ་ཁོངས་གསར་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ས་ཁུལ། གཙོ་གནད་ཁ་ཕྱོགས་བཅས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སིམ་འཛུལ་དང་། རྩ་སློག གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཐོན་ལས་ཀྱི་མཉེན་ཤུགས་དང་རྡབ་རྡེག་འགོག་ནུས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་འགོག་ཟོན་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་གཏོང་བ། འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་རྒྱུ་གཏེར་ཁའི་བདེ་འཇགས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་བཅས་འགན་ལེན་བྱེད་པ། ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་གྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་འབད་ཤུགས་ཆེན་ཡོང་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པར་བརྩི་དགོས། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མི་ཐོན་སྔོན་འགོག་ནན་པོ་བྱེད་པ། བཟའ་བཅའ་དང་སྨན་རྫས་སོགས་མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཐོན་རྫས་དང་ཞབས་ཞུའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱས་ནས་སྐྱེ་དངོས་ཀྱི་བདེ་འཇགས་དང་། དྲ་རྒྱའི་བདེ་འཇགས། གྲངས་གཞིའི་བདེ་འཇགས། མིས་བཟོས་རིག་ནུས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་པ་དང་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་གནད་དོན་ཐད་ཕྱིར་བཤོལ་གཏན་ནས་མི་རྒྱག་པར་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་བདེ་འཇགས་ལྟ་བ་འཛུགས་པ་དང་། བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་དང་ཕན་འབྲས་ཐོན་རྒྱུར་སྔར་བས་སྣང་ཆེན་བྱེད་པ། ཁྲིམས་སྐྱོང་བསམ་གཞིར་སྔར་བས་སྣང་ཆེན་བྱེད་པ། ཚན་རྩལ་གྱི་ནུས་པ་སྐྱེད་སྲིང་ལ་སྔར་བས་སྣང་ཆེན་བྱེད་པ། གཞི་རིམ་གྱི་རྨང་གཞིར་སྔར་བས་སྣང་ཆེན་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲ་ཞིང་བརྟན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་འཕེལ་རྒྱས་དང་བདེ་འཇགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། 《དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག》བཟོས་པས། ཏང་གིས་དམག་དཔུང་གི་བྱས་རྗེས་དང་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་དང་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་དོན་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་དང་དམག་མིའི་ལས་འགན་སྒྲུབ་སེམས་དང་གཟི་བརྗིད་ཀྱི་བསམ་པ་ཆེ་རུ་གཏོང་བ། དཔོན་དམག་གིས་རང་རེའི་དམག་དཔུང་གི་ཞུམ་པ་མེད་པའི་དཔའ་བོའི་བློ་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་དམག་འཐབ་སྤྱོད་ཚུལ་དར་སྤེལ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་པ། དམག་ཡོངས་ཀྱི་དཔོན་དམག་ལ་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་རྒྱུར་ལྕག་སྐུལ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
   ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། ལ་རྒྱ་ཡོད་པ་དང་འཇོན་ཐང་ཡོད་པ། སེམས་ཤུགས་ལྡན་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་རྒྱུར་དམིགས་ནས། འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་དད་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་དགོས་ཤིང་། རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་ལྷད་མེད་སྤྱོད་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། དཔོན་དམག་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས། དཔེ་མཚོན་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བྱས་རྗེས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཀུན་སྤྱོད་སྔོན་ལ་འཇོག་རྒྱུར་མཐོང་ཆེན་དང་། ཚད་གཞི་ནན་པོའི་ངང་ཁོངས་དུ་ཆུད་པ། དཔོན་དམག་ཉེ་འགྲམ་གྱི་སློབ་སྦྱོང་བྱེད་ཆོག་པ་དང་རྗེས་སྙེགས་ཆོག་པའི་དཔེ་མཚོན་ཤེས་རྟོགས་བྱ་རྒྱུར་མཐོང་ཆེན་བྱེད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པའི་དཔེ་སྟོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། རང་དམག་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་ཐོབ་ཐང་མ་ལག་སྤྱི་འདོམས་ཇུས་འགོད་བྱེད་དགོས།
   ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ཚན་རྩལ་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་གཉིས་སོང་ཚུན། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་བཟོ་རྒྱུ་དང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུ། ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་རྒྱུ། ཚན་རྩལ་གྱིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་འདེགས་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་ཏང་ཀྲུང་དབྱང་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་ཞུས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་གལ་ཆེན་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། རྒྱལ་སྤྱི་དང་རྒྱལ་ནང་གི་ཚན་རྩལ་གོང་འཕེལ་གྱི་འཕེལ་ཕྱོགས་ལ་གནད་སྨིན་བརྡར་གཅོད་བྱེད་པ་དང་། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་དང་དཔལ་འབྱོར་གྱི་འཐབ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཕྱོགས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཚན་རྩལ་གསར་གཏོད་ཀྱི་ཐབས་ལམ་གསར་པ་འཛུགས་རྒྱུར་ཞིབ་འཇུག་གཏིང་ཟབ་བྱེད་པ། ཚན་རྩལ་སྟོབས་ཤུགས་ཀྱི་བཀོད་སྒྲིག་བྱེད་ཚུལ་འཐུས་སྒོ་ཇེ་ཚང་དང་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་གཏིང་ཟབ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་སོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"