འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་11ཉིན།

༄༅།།ཞི་ཅིན་ཕིང་དང་ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨེན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོ་དང་ལེ་པ་ནོན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་སྐབས་སུ། ཞི་ཅིན་ཕིང་དང་ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨེན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་པ་ནོན་གྱི་ཙུང་ཐུང་སྨི་ཤེར·ཨའོ་ཨེན་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་ལེ་པ་ནོན་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་དང་ཀྲུང་གོ་དང་ལེ་པ་ནོན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་པ་མ་ཟད། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་གྱི་གནད་དོན་ཐད་ཕན་ཚུན་བསམ་གཞིགས་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་བཏོད་ཡོད། ངས་ཀྲུང་གོ་དང་ལེ་པ་ནོན་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཨའོ་ཨེན་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ལེ་པ་ནོན་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལེ་པ་ནོན་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་མུ་མཐུད་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཨའོ་ཨེན་གྱི་རྟེན་འབྲེལ་གློག་འཕྲིན་ནང་། ལེ་པ་ནོན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་ཚུན། རྒྱལ་ཁབ་གཉིས་པོས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་ཏུ་དགེ་མཚན་ལྡན་པའི་མཉམ་ལས་ལས་དོན་སྤེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལེ་པ་ནོན་གྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་དང་། ལེ་པ་ནོན་གྱི་དྲང་བདེན་བྱ་གཞག ལེ་པ་ནོན་ཕྱོགས་ཀྱིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པ་བཅས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལེ་པ་ནོན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བརྩི་མཐོང་བྱེད་ཀྱི་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལའང་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ལེ་པ་ནོན་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།