འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་10ཉིན།

༄༅།།སློབ་ལྭའི་རིན་གོང་མཐོ་བ་དང་བཟོ་ལྟ་མང་དྲགས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་10ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞི་ཨང་4561(སློབ་གསོའི་རིགས་ཨང་508)པར་ལན་བཏབ་པའི་སྐོར་གྱི་ཡི་གེ》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་།  《“ལྟ་སྐུལ་དོ་དམ་ནུས་ལྡན་འོག་གི་སློབ་ལྭ་ཁྲོམ་ར་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི”སྐོར་གྱི་གྲོས་གཞིར》ལན་བཏབ་པ་རེད། 
     སློབ་གསོ་པུས་ལན་འདེབས་སྐབས་བཤད་རྒྱུར། དེ་སྔོན་སློབ་གསོ་པུའུ་སོགས་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ལྭའི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སློབ་ལྭའི་ཁྲོམ་ར་ཚད་ལྡན་དང་། སློབ་ལྭའི་སྤུས་ཚད་ཚད་ལྡན། སློབ་ལྭའི་སྤུས་ཚད་ཞིབ་བཤེར། སློབ་གྲྭའི་འདེམས་སྤྱོད་ལ་དོ་དམ། སློབ་ལྭའི་ཉོ་སྒྲུབ་དོ་དམ་དང་ལྟ་སྐུལ་ཆད་གཅོད་ལམ་སྲོལ་སོགས་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། 
     《བསམ་འཆར》གཞིར་བཟུང་། སློབ་ལྭ་ཉོ་སྒྲུབ་ཚན་པས་སློབ་ལྭ་ཉོ་སྒྲུབ་བྱེད་སྐབས་འབྲེལ་ཡོད་ཀྱི་ཚད་གཞི་དང་མཐུན་དགོས་པ་མ་ཟད། གན་རྒྱའི་ནང་སློབ་ལྭའི་ལག་བསྟར་གྱི་ཚད་གཞི་གསལ་པོར་འགོད་དགོས། སློབ་ལྭ་མཁོ་འདོན་དང་ཞིབ་བཤེར་རྩིས་ལེན་བྱེད་སྐབས“མཚོན་རྟགས་གསལ་པོ་འགོད་པའི”ལམ་ལུགས་ལག་ལེན་བསྟར་དགོས་པ་དང་། ཉོ་སྒྲུབ་ཚན་པ་ཁག་གིས་ཉོས་པའི་སློབ་ལྭར་གྱོན་གོས་ཀྱི་ཚད་གཞི་ལོན་པའི་མཚོན་རྟགས་ཆ་ཚང་ཡོད་དགོས་པ་མ་ཟད། ཁྲིམས་བཀོད་ཞིབ་བཤེར་སྒྲིག་གཞིས་སྤྲད་པའི་ཁག་ཐེངས་འདིའི་གྱོན་གོས་ཀྱི་སྤུས་ཚད་ཞིབ་བཤེར་གྱི་ཚད་གཞི་ལོན་པའི་སྙན་ཞུ་ཡོད་དགོས་པ་དང་། སློབ་གྲྭས་ཁྱིམ་བདག་དང་འབྲེལ་གཏུག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་སློབ་ལྭ་འདེམས་སྤྱོད་དང་སློབ་མས་རང་མོས་ངང་སློབ་ལྭ་ཉོ་རྒྱུར་འཐད་པ་ཡིན་དགོས། སློབ་ལྭའི་བཟོ་ལྟ་འདེམས་སྐབས་བལྟོས་བཅས་ཀྱིས་བརྟན་པོ་ཡིན་པ་བདམས་ནས་ཁྱིམ་བདག་གིས་ཡང་བསྐྱར་འགྲོ་གྲོན་གཏོང་བ་ཉུང་དུ་གཏོང་དགོས།
     སློབ་གསོ་པུས་བཤད་དོན། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ལྭའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན།  
     གཅིག་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ལྭའི་འདེམས་ཉོའི་ལས་དོན་ཚད་ལྡན་དུ་བཏང་ནས་སློབ་ལྭའི་འདེམས་ཉོའི་བརྒྱུད་རིམ་ནང་ཐོན་པའི་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཉོ་སྒྲུབ་བྱེད་པ་དང་། རིན་གོང་མཐོ་དྲགས་པ། བཟོ་ལྟ་མང་དྲགས་པ། འགྱུར་ལྡོག་ཡང་ཡང་གཏོང་བ། ཉོ་སྒྲུབ་གོ་རིམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། 
     གཉིས་ནས་སློབ་ལྭའི་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བྱིས་པ་དང་སློབ་མའི་མཁོ་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་མུ་མཐུད་སྤེལ་བ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཏན་ཏིག་བྱེད་པ། བྱེད་ཐབས་སྣ་མང་སྤྱད་དེ་སྤུས་ཚད་དང་ལག་རྩལ་ལ་རོགས་སྐྱོར་བཅས་བྱེད་དགོས། 
     གསུམ་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཁྱིམ་བདག་དང་། སྤྱི་ཚོགས་ཀྱི་སྤྱི་དམངས། གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཛད་རྫས་ཀྱི་སྤུས་ཚད་བདེ་འཇགས་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་དགོས། 
     བཞི་ནི་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་སློབ་ལྭའི་ཆ་འཕྲིན་དོ་དམ་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་འཛུགས་པའི་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་གཏོང་དགོས།