འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་
ལག་ལེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་གིས་མཉམ་དུ་གཉེར་བའི“དབུལ་སྒྲོལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཤེས་བྱ་དང་ཕུལ་བྱུང་ལག་ལེན་མཉམ་སྤྱོད་ཀྱི་ལྷོ་ལྷོ་མཉམ་ལས་བགྲོ་གླེང་ཚོགས་འདུ”ཉེ་ཆར་པེ་ཅིང་དུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་འཚོགས་པ་རེད། ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དང་དབུལ་པོ་ཉུང་གཏོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཤེ་ཕུའུ་ཀྲན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོས་དབུལ་པོ་དབུལ་ནག་སེལ་བའི་ལག་ལེན་གྱིས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་གི་འཕེལ་རིམ་ལ་ཐད་ཀར་སྐུལ་འདེད་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་སྲིད་གཞུང་གི་ཇུས་འདོན་ཚོགས་པ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ”དོན་འཁྱོལ་ཧུར་ཐག་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      “དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་གྱི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ལམ་ལུགས་ཀྱི་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་འོག་སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་ཞུགས་པ་ནི་ཀྲུང་གོའི་གྲོང་གསེབ་ཏུ་དབུལ་པོ་དབུལ་ནག་བདེ་བླག་ངང་སེལ་བའི‘རྨང་གཞི་ཆེན་པོ་གསུམ’རེད། གྲལ་སྒོར་གྲོས་བསྡུར་དུས་མཚམས་སུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཝུའེ་ཧོའུ་ཁའེ་ཡིས“ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་པོ་ཉུང་གཏོང་གི་ཕན་འབྲས་དང་ཉམས་མྱོང”བརྗོད་དོན་གཙོ་བོར་བྱས་ནས་མཉམ་སྤྱོད་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་མིའི་རིགས་འཕེལ་རྒྱས་སྙན་ཞུའི་གཞུང་ལས་ཁང་དང་ལྷོ་ཕྱོགས་ལྟེ་གནས་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་འཐུས་མི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིམ་པའི་ཇུས་འདོན་ཚོགས་པ་མང་པོ་ཞིག་གི་འཐུས་མིས་ཀྱང་རྒྱལ་སྤྱིའི་རྩ་འཛུགས་དང་སྲིད་གཞུང་དབར་གྱི་སྒྲིག་གཞིའི་ཕན་ཡོད་ཀྱི་འཚོལ་ཞིབ་དང་རྒྱལ་ཁབ་ཁག་གི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སོགས་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ་རེད།
     བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་དང་བསམ་ཤེས་བརྗེད་བྱང་ལ་མིང་རྟགས་བཀོད་ནས་དངོས་གཞིའི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཆབས་ཅིག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཀྲུའུ་ཞིའི་ཚན་པ་ཡིན་པའི་ངོས་ནས“དབུལ་སྒྲོལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་འདོན་ཚོགས་པའི་དྲ་རྒྱ”བཙུགས་པ་རེད།