མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་
རྟེན་འབྲེལ་ཞུས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་སྐབས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཀུན་འདུས་སྨྱན་སྦྱོར་སྒྲིག་གཞི་གསར་པ་རྩེ་གྲ་ཞིག་ཏུ་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་བ།
ཀྲུང་གོའི་གསར་འགོད་པའི་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་22པ་འཆར་ཉེའི་མཚམས་སུ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་90ཡི་རིང་། ཤིན་ཧྭ་གསར་འགྱུར་ཁང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གི་བཞེད་དོན་དྲིལ་བསྒྲཌ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་ཀྱི་སྙིང་སྟོབས་ཟིན་ཐོར་འགོད་པ། ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་བཅས་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཤིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་འགོ་ཁྲིད་འོག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོ་བསྲུངས་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱེད་པ། མཉམ་འདྲེས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་སྤྱིའི་ཀུན་འདུས་སྨྱན་སྦྱོར་སྒྲིག་གཞི་རྩེ་གྲ་ཞིག་ཧུར་ཐག་བསྐྲུན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
   ཚེས་6ཉིན་གྱི་སྔ་དྲོ། ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གསར་འགྱུར་ཁང་ཆབ་སྲིད་མཁས་ཅན་གྱིས་གཉེར་བའི་རྩ་དོན་མཐའ་འཁྱོངས་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་བཞེད་དོན་རྒྱ་ཁྱབ་ཏུ་བརྒྱུད་བསྒྲགས་བྱེད་པ། མི་དམངས་ཀྱི་བསམ་འདུན་ཧུར་ཐག་མཚོན་པ། དུས་རབས་ཀྱི་རི་མོ་ཡག་པོ་འབྲི་བ། དུས་རབས་ཀྱི་གསུང་སྒྲ་ཤུགས་ཆེན་བསྒྲགས་པ། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་ངང་སྒྲུབ་པ་བཅས་བྱས་ནས། ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
   ཚོགས་འདུའི་ཐོག་ཤིན་ཧྭ་གསར་འགྱུར་ཁང་གི་འགན་ཁུར་བ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས། ན་གཞོན་གསར་འགོད་པ། ཕྱི་རྒྱལ་གྱི་ལས་བཟོ་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
   1931ལོའི་ཟླ་11ཚེས་7ཉིན། ཤིན་ཧྭ་གསར་འགྱུར་ཁང་གི་སྔ་མིང་གསར་བརྗེའི་ཀྲུང་ཧྭ་འཕྲིན་གཏོང་ཁང་རུའེ་ཅིན་དུ་བཙུཌ་པ་དང་། 1937ལོའི་ཟླ་དང་པོར་ཡན་ཨན་དུ་ཤིན་ཧྭ་གསར་འགྱུར་ཁང་ཞེས་མིང་བསྒྱུར། ལོ་90ཡི་འཕེལ་རྒྱས་བརྒྱུད། ཤིན་ཧྭ་གསར་འགྱུར་ཁང་ལ་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ཡན་ལག་དང་ཉིང་ལག་སྒྲིག་གཞི་200ལྷག་ཙམ་ཡོད་ཅིང་། སྐད་རིགས་15ཡི་ཐོག་ནས་གོ་ལ་ཧྲིལ་པོའི་སྤྱོད་མཁན་8000ལ་གསར་འགྱུར་ཆ་འཕྲིན་མཁོ་འདོན་བྱེད་ཀྱི་ཡོད་པ་དང་འཛམ་གླིང་གི་མི་འབོར་ཕྱེད་ཡན་ལ་ཁྱབ་ཡོད་པ་རེད།

  
style="display:none;"