མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   “ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ། དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་56པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་ནང་དོན། དུས་རབས་ཀྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་གསར་བསྒྱུར་དང་། གྲུབ་ཆ་གསར་བསྒྱུར། ལས་ཕྱོད་གསར་བསྒྱུར། ལམ་ལུགས་གསར་བསྒྱུར་བཅས་ལ་སྐུལ་འདེད་བཏང་སྟེ་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མངགས་གདན་ཞུས་འཐུས་མི་11གིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་ཨུ་ཡོན་50ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་སྤེལ་བ་རེད། ཚང་མས་ངོས་འཛིན་བྱས་དོན། སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།
རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཚོང་དོན་གྱི་རྒྱལ་ཁབ་ཆེ་མོའི་གནས་བབ་ཉིན་བཞིན་བརྟན་དུ་ཕྱིན་པ། ཚོང་དོན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་བཅས་རེད། མིག་སྔར་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་དང་། དཀའ་ངལ། འགྲན་སློང་བཅས་སྣ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ལ་སྔར་བཞིན་ཕྱོགས་བསྡུས་འགྲན་རྩོད་ཀྱི་ལེགས་ཆ་ཅུང་ཆེན་པོ་ལྡན་ཡོད་པས་གྲངས་ཚད་བརྟན་འཕར་གྱི་ཡུན་རིང་གི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད།
   ཨུ་ཡོན་ཚོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དང་། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལེགས་སྒྲིག སྤོམ་ཆེའི་ཚོང་ཟོག་གི་རིན་གོང་འཕར་བ། རྒྱལ་སྤྱིའི་ཟོག་འགྲེམས་བདེ་བླག་མ་བྱུང་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཁེ་ལས་ཀྱི་འཁོར་སྐྱོད་འགན་ལེན་དང་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱེད་དགོས་པ་དང་། ཕྱི་ཕྱོགས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྲན་ཚེགས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ། ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ། མི་དམངས་ཤོག་སྒོར་རྒྱལ་སྒྲོལ་གྱི་ཚོང་དོན་བསྡོམས་རྩིས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་གྲོན་བསྡུ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པ། འགག་སྒོའི་ལྟ་འདོམས་ཀྱི་ལྟེ་བ་མིན་པའི་འགན་ནུས་གསེད་བཀྲོལ་བྱེད་པ་དང་། འགག་སྒོའི་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། འགག་སྒོ་བཅོས་སྒྲིག་གི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཚོང་དོན་སྟབས་བདེ་ཅན་གྱི་སྟོན་གྲངས་འཛུགས་པ་བཅས་བྱེད་དགོས་པ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ཚོང་ལས་ཀྱི་རྣམ་པ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱལ་སྒྲོལ་གྱི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་གསལ་ཐོ་མང་དུ་གཏོང་བ། ཕྱི་རྒྱལ་གྱི་མཛོད་ཁང་བཀོད་སྒྲིག་དང་ཞབས་ཞུ་ལེགས་སུ་གཏོང་བ། ཁྲོམ་རའི་ཉོ་སྒྲུབ་དང་ཚོང་དོན་གྱི་རྣམ་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཚོད་ལྟ་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་སྒོ་དབྱེའི་ལས་སྟེགས་གང་ལེགས་སྤྱད་དེ་ཁྲལ་སྲུང་ཉམས་གསོ་དང་བསྐྱར་དུ་བཟོ་སྐྲུན་སོགས་ཀྱི་ལས་སྒོ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་ལས་སྣོན་ཚོང་དོན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། ནང་འདྲེན་དང་ཕྱིར་གཏོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་འདྲེན་ཐོན་རྫས་ཀྱི་དཀར་ཆག་ལ་བཟོ་བཅོས་འོས་མཚམ་རྒྱག་རྒྱུར་སྐུལ་མ་གཏོང་བ་དང་། སྤོམ་ཆེའི་ཚོང་ཟོག་གསོག་འདྲེན་རྟེན་གཞི་བཀོད་སྒྲིག་བྱས་ནས་རྒྱལ་སྤྱིའི་སྤོམ་ཆེའི་ཚོང་ཟོག་ཉོ་ཚོང་བྱེད་རྒྱ་ཆེ་རུ་གཏོང་དགོས་པ། ཚོང་དོན་གྱི་གྲུབ་ཆ་ལེགས་སུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དབར་གྱི་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དབུས་ནུབ་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་ཚོང་དོན་གྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྤུས་རྟགས་དང་ལྟེ་བའི་ལག་རྩལ་ལྡན་པའི་ཕྱི་ཕྱོགས་ཚོང་དོན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཉིས་དང་ས་ཁོངས་ཚོང་དོན་མ་འཇོག་གི་གྲོས་ཆོད་ལ་གྲོས་མོལ་ཧུར་ཐག་བྱས་ནས་གན་རྒྱ་འཇོག་པ། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་ཕན་འབྲས་ཐོན་ཉེར་ཡོད་པའི་གོ་སྐབས་གང་ལེགས་སྤྱོད་པ། གྲངས་འཛིན་དཔལ་འབྱོར་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་བཟོ་རྒྱུའི་ནང་ཞུགས་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།

  
style="display:none;"