འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་5ཉིན།

༄༅།།སྔོ་ཚལ་གྱི་རིན་གོང་འཕར་ཆག་ཡོང་དོན་ཐད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་05ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་4ཉིན། ཞིང་ལས་དང་གྲོང་གསེབ་པུས་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། དྲ་གྲོགས་ཚོས་དོ་ཁུར་བྱེད་པའི“སྔོ་ཚལ”གྱི་གནད་དོན་ལ་དམིགས་ཏེ་ཞིང་ལས་དང་གྲོང་གསེབ་པུའི་ཁྲོམ་ར་དང་ཆ་འཕྲིན་ཅན་སིའི་སི་ཀྲང་ཐང་ཁོ་ཡིས་བཤད་དོན། རྒྱལ་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་བསྡོམས་འབོར་འདང་ངེས་ཡོད་པས་འཛད་སྤྱོད་པས་སེམས་ཁྲལ་བྱེད་མི་དགོས། མིག་སྔའི་ངོས་ནས་བལྟས་ཚེ་ཞིང་ནང་སྔོ་ཚལ་འདེབས་ཁྱོན་མུའུ་དུང་ཕྱུར་1.03ཟིན་ཞིང་། ལོ་གོང་མའི་དུས་མཉམ་ལས་ད་དུང་མུའུ་ཁྲི་400མང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན་འབྱུང་འགྱུར་ཟླ་གསུམ་གྱི་རྗེས་སུ་དེའང“དུས་ཆེན་གཉིས”ཀྱི་སྔ་རྗེས་སུ་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་ཏུན་དུང་ཕྱུར་2ཟིན་རྒྱུ་རེད། དེ་ཡང་གསལ་པོར་བཤད་ན་མི་རེར་ཉིན་རེར་སྔོ་ཚལ་རྒྱ་མ་3མཁོ་འདོན་ཐུབ་ཀྱི་ཡོད། 
     སྔོ་ཚལ་ནི་དམངས་འཚོའི་ཐོན་རྫས་གལ་ཆེན་ཞིག་རེད། “བཅུ་པའི་ཚེས་གཅིག”རྗེས་སྔོ་ཚལ་གྱི་རིན་གོང་མུ་མཐུད་མཐོ་རུ་ཕྱིན་ཡོད། ཞིང་ལས་དང་གྲོང་གསེབ་པུའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། ཟླ་10པར་སྔོ་ཚལ་རིགས་28ཀྱི་སྡེབ་ཚོང་གི་ཆ་སྙོམས་རིན་གོང་ནི་སྤྱི་རྒྱ་རེར་སྒོར་5.25ཡིན་པ་དེ་ཟླ་བསྡུར་བྱས་ན་16.7%འཕར་བ་དང་། ལོ་གོང་མའི་དུས་མཉམ་ལས་11.7%འཕར་ཡོད། འཕར་ཚད་དེ་རྒྱུན་གཏན་གྱི་དུས་མཉམ་ལས་ཅུང་མཐོ་བ་ཡོད་པ་དང་ལྷག་པར་དུ་ལྗང་ལོ་རིགས་ཀྱི་པོ་ཚལ་དང་ཧྲེང་ཚལ་སོགས་ཀྱི་རིན་གོང་འཕར་ཚད་དེ་བས་མངོན་གསལ་དོད་པོ་ཡོད་པ་རེད། 
     སྔོ་ཚལ་གྱི་རིན་གོང་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་རྒྱུན་མཐུད་ངང་འཕར་བའི་ཐད། ཐང་ཁོ་ཡིས་ངོ་སྤྲོད་བྱས་དོན། གཙོ་བོ་གཤམ་གསལ་གྱི་ཕྱོགས་བཞིའི་ཐད་ཀྱི་རྒྱུ་རྐྱེན་ཡོད་པ་སྟེ། 
     གཅིག་ནི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ཀྱི་རྐྱེན་པས་ཁྲོམ་རར་འདོན་ཚད་ཉུང་དུ་ཕྱིན་ཡོད། ཟླ་9པ་ནས་བཟུང་བྱང་ཕྱོགས་ས་ཁུལ་དུ་ལོ་མང་མ་འཕྲད་པ་དང་ཐ་ན་སྔར་འཕྲད་མྱོང་མེད་པའི་སྟོན་བྲུབས་དང་ཆུ་ལོག་གི་གནོད་འཚེ་ཐོན་པ་རེད། ཕྱོགས་གཅིག་ནས་ཞིང་ཁ་བརླན་དྲགས་པ་དང་ཞིང་ཁ་ཁག་ཅིག་ལ་ཆུ་བསགས་པས་སྔོ་ཚལ་མུའུ་ཁྲི་200ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད། ཕྱོགས་གཞན་ཞིག་ནས། རྒྱུན་མཐུད་ངང་དྲོད་ཚད་དམའ་མོ་དང་ཉི་འོད་དཀོན་པས་འོད་སྦྱོར་བྱེད་ནུས་ཞན་དུ་སོང་ནས་སྔོ་ཚལ་སྐྱེ་འཚར་ལ་འགོག་རྐྱེན་བཟོས་པ་མ་ཟད། ཐ་ན་མེ་ཏོག་དང་འབྲས་བུ་ཡང་ལྷུངས་བ་རེད།  
     གཉིས་ནི་ཞིང་ལས་རྒྱུ་ཆའི་རིན་གོང་འཕར་ནས་ཐོན་སྐྱེད་ཀྱི་མ་གནས་མཐོ་རུ་ཕྱིན་ཡོད། འདི་ལོ་ནས་བཟུང་རྫས་ལུད་དང་ཞིང་སྨན་སོགས་ཞིང་ལས་རྒྱུ་ཆའི་རིན་གོང་མུ་མཐུད་འཕར་ནས་སྔོ་ཚལ་གྱི་ཐོན་སྐྱེད་མ་གནས་མཐོ་རུ་ཕྱིན་ཡོད་པ་རེད། སྒྲིག་ཆས་སྔོ་ཚལ་ལ་ཆ་བཞག་ན། རྫས་ལུད་ཀྱི་རིན་གོང་འཕར་བ་ཁོ་ནར་ཆ་བཞག་ན། ཧོང་ཀ་མུའུ་རེའི་ཐོན་སྐྱེད་མ་གནས་སྒོར་490དང་པོ་ཚལ་མུའུ་རེའི་ཐོན་སྐྱེད་མ་གནས་སྒོར་210མང་དུ་ཕྱིན་ཡོད། རྒྱ་མ་རེའི་མ་གནས་ལ་ཕབ་ན་ཧོང་ཀ་རྒྱ་མ་གང་རེར་སྒོར་ཟུར་གཉིས་རེ་དང་། པོ་ཚལ་རྒྱ་མ་གང་རེར་སྒོར་ཟུར་བཞི་རེ་མཐོ་རུ་ཕྱིན་པ་རེད། 
     གསུམ་ནི་སྐྱེལ་འདྲེན་འཁོར་རྒྱུག་གི་མ་གནས་མངོན་གསལ་དོད་པོས་འཕར་བ། “ཤ་ཚལ་སྒོང་གསུམ་”གྱི་ཐོན་རྫས་མང་པོ་ཞིག་ད་ལྟ“རྒྱལ་ཡོངས་ནས་ཉོ་བ་དང་རྒྱལ་ཡོངས་ལ་འཚོང”གི་ཡོད། བྱང་ཕྱོགས་ཀྱི་སྔོ་ཚལ་ལ་གནོད་འཚེ་ཕོག་པས་ཟོག་ཁུངས་འབྲེལ་མཐུད་ཡག་པོ་མ་ཐུབ་པ་དང་། རིགས་ཁག་ཅིག་ས་ཁོངས་བརྒལ་ནས་གཏོང་འདྲེན་མང་དུ་ཕྱིན་པ། སྐྱེལ་འདྲེན་གྱི་བར་ཐག་རིང་དུ་ཕྱིན་ཁར་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་འཕར་ནས་སྐྱེལ་འདྲེན་གྱི་མ་གནས་མངོན་གསལ་དོད་པོས་འཕར་ཡོད་པ་རེད། ཧྲན་ཏུང་ཧྲོའུ་ཀོང་སྔོ་ཚལ་ཚོགས་པས་ལོ་སྟོད་དུ་ཀྲེ་ཅང་ཅིན་ཧྭ་རུ་དབོར་བའི་སྔོ་ཚལ་འདྲེན་གླ་རླངས་འཁོར་རེར་སྒོར་4000ཡིན་པ་དང་ལོ་སྨད་དུ་སྒོར་6000བར་འཕར་ནས་རླངས་འཁོར་རེའི་སྐྱེལ་འདྲེན་མ་གནས་སྒོར་2000འཕར་བ་དང་འཕར་ཚད་50%ཟིན་ཡོད་ཅེས་བཤད་པ་རེད། 
     བཞི་ནི་བྱང་ཕྱོགས་ཀྱི་སྒྲིག་བཀོད་སྔོ་ཚལ་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱི་གློག་ཤུགས་མཁོ་འདོན་མ་འདང་བས་ལེགས་བསྡུས་ཅན་གྱི་སྔོ་ཚལ་མྱུ་གུ་གསོ་རྒྱུ་དང་བཟོ་གྲྭ་ཅན་གྱི་ཐོན་སྐྱེད་བྱེད་རྒྱུར་ཤུགས་རྐྱེན་ཐེབས་ཡོད། གཞན་ཡང་ས་ཁུལ་ཁག་ཅིག་ལ་ཏོག་གསར་གློ་ཚད་རིམས་ནད་ཐར་ཐོར་བྱུང་བས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཀྱི་དཀའ་གནད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད། 
     ང་ཚོས་ཕྱོགས་ཡོངས་ནས་བཀོད་གཏོང་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ་ལས་རིགས་ནང་གི་ཐོན་སྐྱེད་བྱེད་མཁན་དང་། ཁེ་ལས་མཁས་ཅན། རིགས་གཅིག་མཁས་ཅན་བཅས་ཀྱི་བསམ་འཆར་ཉན་རྗེས་ཚང་མར་ཁ་གསལ་གྱིས་བཤད་རྒྱུ་ནི་ལོ་ཧྲིལ་བོ་དང་ད་ཆ། རྗེས་ཕྱོགས་ཀྱི་“དུས་ཆེན་གཉིས”རིང་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་སྐྱེད་སྤྱིའི་ཆ་ནས་རྒྱུན་གཏན་ཡིན་པ་དང་། གནོད་འཚེའི་ཤུགས་རྐྱེན་ནི་ཆ་ཤས་དང་དུས་མཚམས་རང་བཞིན་ཅན་ཞིག་ཡིན་པ། ཤུགས་རྐྱེན་ཕོག་ས་ནི་སྣ་ཁ་ཆ་ཤས་ཤིག་རེད། ཐང་ཁོ་ཡིས་བཤད་དོན། ལོ་ཧྲིལ་པོར་བལྟས་ན་རྒྱལ་ཡོངས་ཀྱི་སྔོ་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་3.2ཟིན་རྒྱུ་དང་ཐོན་ཚད་ཏུན་དུང་ཕྱུར་7.5ཟིན་རྒྱུ་དེ་ལོ་གོང་མ་ལས་1%ཙམ་འཕར་རྒྱུ་རེད། 
     ཐང་ཁོ་ཡིས་ངོ་སྤྲོད་བྱས་དོན། སྣ་ཁ་ནས་བལྟས་ཚེ། ཧོང་ཀ་དང་། ཀྲོ་མ་ཀྲུ། ཆེ་ཙི་སོགས་རིགས་ཀྱི་སྔོ་ཚལ་དང་། ལ་ཕུག ཙོང་སོགས་རྩ་སྡོང་རིགས་ཀྱི་སྔོ་ཚལ་གྱི་རྒྱ་ཁྱོན་ཡང་མིག་སྔར་ཆེ་རུ་དུ་བཏང་ཡོད། ཟླ་10པར་མྱུར་སྐྱེས་ལོ་མའི་ཚལ་མུའུ་ཁྲི་300ལྷག་ཙམ་བཏབ་པ་དང་དུས་མཇུག་ཏུ་ཁྲོམ་རར་འདོན་ཚད་མང་དུ་ཕྱིན་ནས་སྙོམ་སྒྲིག་ཐད་ཕན་པ་ཐོན་རྒྱུ་རེད། དོན་དངོས་ཐོག་ཟླ་10པའི་ཟླ་སྨད་ནས་བཟུང་བྱང་ཕྱོགས་ས་ཁུལ་དུ་གནམ་དྭངས་བའི་གནམ་གཤིས་མང་བས་སྔོ་ཚལ་ཐོན་སྐྱེད་རྒྱུན་གཏན་ལྟར་སླར་གསོ་བྱུང་བ་དང་འབྲས་བུ་བསྡུ་ཚད་གཅིག་རྗེས་གཉིས་མཐུད་ངང་མང་དུ་འགྲོ་གི་ཡོད། ཉེ་དུས་རྒྱལ་ཡོངས་ཀྱི་སྤྱིའི་ཚལ་གོང་གི་འཕར་ཚད་དམའ་རུ་ཕྱིན་ནས་ས་ཁུལ་མི་ཉུང་བ་ཞིག་གི་ལྗང་ལོ་ཚལ་གྱི་རིགས་པོ་ཚལ་དང་སྔོ་ཚལ་སོགས་ཀྱི་རིན་གོང་མངོན་གསལ་དོད་པོས་ཆག་ཡོད་པ་དེ་ནི་མཁོ་སྤྲོད་འབྲེལ་བ་ལེགས་འགྱུར་བྱུང་བ་དང་འགྱུར་ལྡོག་འགྲོ་བཞིན་པའི་མཚོན་ཚུལ་ཞིག་རེད།