འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་4ཉིན།

༄༅།།ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་བཏོད་པ།

—— བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཁྲི་ཚོ་དུང་ཕྱུར་གྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་སྐོར་གྱི་དཔྱད་གླེང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་04ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཀྲུའུ་ཅུན་དང་། ཀུའུ་ཀྲུང་དབྱང་། ཁྲང་ཆིན།
   གྲོང་ཚོའི་ལམ་མདའ་ལྟར་འདྲོང་ཞིང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་། ཞིང་ཁྱིམ་གྱི་སྒོ་ར་སོ་ཕག་དང་རྫ་གཡམ་ལས་གྲུབ་པའི་ཧོ་པེ་ཞིང་ཆེན་ཧྥུ་ཕིན་རྫོང་ལུའོ་ཐུའོ་དབན་གྲོང་ཚོའི་གྲོང་མི་ཐང་ཙུང་ཤིའུ་དགའ་ཚོར་ཆེན་པོས“ང་དང་བཟའ་ཟླ་གྲོང་ཚོའི་ཡུལ་སྐོར་ཀུང་སིར་གཙང་སྦྲ་བྱེད་ཀྱི་ཡོད། ང་གཉིས་ལ་ཟླ་བ་གཅིག་ལ་གླ་ཆ་སྒོར་4000ལྷག་ཙམ་ཡོད་པའི་ཐོག་ས་ཞིང་བརྒྱུད་བཤུག་བཏང་བའི་དངུལ་དང་འོད་ཤུགས་ཡོང་འབབ་ཀྱང་ལེན་རྒྱུ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
   ལུའོ་ཐུའོ་དབན་གྲོང་ཚོ་དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོ་དབུལ་པོ་ཁྲི་སྟོང་མང་པོ་རྣམ་པ་གསར་རྐྱང་དུ་གྱུར།
   འདི་ལོའི་ཟླ་2ཚེས་25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་སྒམ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་གནང་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུས་པ་དང་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་ཕོངས་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་ཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་པ་བཅས་བྱུང་ནས། དབུལ་པོ་དབུལ་ནག་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་ཟིན་པ་དང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་གཞན་ཞིག་བཏོད་ཡོད།
   དབུལ་ཕོངས་མེད་པར་བཟོ་བ་དང་། དམངས་འཚོ་ལེགས་གཏོང་། རིམ་བཞིན་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱ་རྒྱུ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་རེད་ལ། རང་རེའི་ཏང་གི་ལས་འགན་གལ་ཆེན་ཞིག་ཀྱང་རེད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་སྐོར་ལ་དགོངས་བཞེས་ཡང་ཡང་གནང་བ་སྟེ“དབུལ་སྐྱོར་ནི་ཐོག་མཐའ་བར་གསུམ་དུ་ངའི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན་པས་ངས་སེམས་ནུས་མང་ཤོས་འདོན་གྱི་ཡོད”“དབུལ་སྒྲོལ་འགག་སྒྲོལ་ནི་ངའི་སེམས་ཁྲལ་ཆེ་ཤོས་བྱེད་པའི་དོན་ཆེན་ཞིག་ཡིན”“ངས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་སྔར་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་དེ་དག་ཡིན”ཞེས་པ་ལ་སོགས་བརྩེ་སེམས་ཀྱིས་ཕྱུག་པའི་བཀའ་མོལ་རེ་རེ་ལས་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བློ་དཀར་སེམས་དཀར་མཚོན་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་མངོན་གསལ་དོད་ཤོས་སུ་བཞག་སྟེ་དགོངས་པ་གསར་པ་དང། འདུ་ཤེས་གསར་པ། ལྟ་བ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་རབ་དང་རིམ་པ་གནང་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་ཧྭ་མི་རིགས་ལ་དཀའ་ངལ་ཆེན་པོ་བཟོས་པའི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཀྱང་ཐུབ་ཡོད།
    ད་ལྟའི་ཀྲུང་གོའི་ས་གཞི་ཆེན་པོར་རྒྱང་ལྟ་བྱེད་སྐབས། ཧྭ་བྱང་གཤོངས་ས་ནས་ལྷོ་ནུབ་མཐའ་མཚམས་བར་དང་། ཏ་པེ་རི་ཁུལ་ནས་ཆིན་པ་དབུས་ཁུལ་བར། ཐུའུ་ཅ་མེའོ་རིགས་གྲོང་ཚོ་ནས་གངས་ལྗོངས་ས་མཐོའི་བར་བཅས་སྔོན་ཆད་ཀྱི་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་། འགྲོ་སྐྱོད་བདེ་བ། ཁང་པ་གསར་པ། ཁོར་ཡུག་མཛེས་པ། མི་ཚོགས་སྟུག་པ་ལ་སོགས་རི་གྲོང་གི་འགྱུར་ལྡོག་ཆེན་པོ་རེ་རེ་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་མཛེས་སྡུག་ལྡན་པའི་རྣམ་པ་གཅིག་སྡུད་ཐོག་མཚོན་གྱི་ཡོད།