འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་3ཉིན།

༄༅།།སློབ་གསོ་པུས་བསྟན་དོན། སྒྱུ་རྩལ་རིགས་ཀྱི་སློབ་གྲྭའི་ཆེད་ལས་ཡིག་རྒྱུགས་ཀྱི་ཁྱབ་ཁོངས་སྔར་བས་ཉུང་དུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་03ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་གིས《2022ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཁག་གཅིག་གི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་མཐོ་སློབ་ཀྱིས་སྒྱུ་རྩལ་རིགས་ཀྱི་སློབ་གྲྭའི་ཆེད་ལས་ཡིག་རྒྱུགས་ཀྱི་ཁྱབ་ཁོངས་སྔར་བས་ཉུང་དུ་གཏོང་དགོས་པ་དང་། ཞིང་ཆེན་རིམ་པའི་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞིས་མཐུན་རྐྱེན་ཧུར་ཐག་བཏོད་དེ་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་ཀྱི་རིག་ཚན་རིགས་མང་དུ་གཏོང་བ་དང་། ཞིང་ཆེན་དབར་ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་མཉམ་དུ་སྒྲིག་འཛུགས་བྱེད་པར་སྐུལ་ལྕག་བྱེད་པ། ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་ཆེད་ལས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།
     བརྡ་ཐོའི་ནང་ད་དུང་མཐོ་སློབ་ཀྱིས་ཐོག་མར་སློབ་མ་བསྡུ་བའི་སྐབས། རྒྱུགས་སྤྲོད་སློབ་མའི་རིག་གནས་སོགས་ཕྱོགས་བསྡུས་བྱང་ཚད་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་སྒྱུར་བཅོས་སྐོར་གྱི་ཡིག་ཆའི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་རྒྱུགས་སྤྲོད་སློབ་མའི་ཆེད་དོན་ཚོད་ལྟའི་སྦྱངས་འབྲས་དང་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ལྟར་སློབ་མ་བསྡུ་བའི་བླང་བྱ་སྔར་བས་མཐོ་རུ་གཏོང་དགོས་པ་དང་། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱེད་པ་དང་དངོས་གཞིའི་ཚན་ཁག་ཁག་ཐེངས་ཀྱི་ཟླ་སྒྲིལ་བཏང་བའི་ཞིང་ཆེན། འབྲེལ་ཡོད་དམིགས་བསལ་རིགས་ཀྱི་སློབ་བསྡུའི་རིག་གནས་སློབ་ཚན་གྱི་སྐར་གྲངས་དམའ་ཤོས་ཚོད་འཛིན་གྱི་ཚད་གཞི་དེ་སྒྱུར་བཅོས་གོང་གི་བླང་བྱ་ལས་མི་དམའ་བ་བྱེད་དགོས་པ། ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་རིག་གནས་སློབ་ཚན་སྦྱངས་འབྲས་ཐོག་ནས་སློབ་མ་བསྡུ་བའི་བླང་བྱ་རིམ་གྱིས་མཐོ་རུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།
     གཞན་ཡང་བརྡ་ཐོའི་ནང་། དཔྱད་ཞིབ་མི་སྣའི“མིང་གཞུང་ནག་པོའི”ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་གཏན་འབེབས་ལྟར་ཐོ་བཀོད་ཟུར་གཡོལ་མི་བྱེད་མཁན་ལ་སློབ་གྲྭས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་པ་དང་ཆབས་ཅིག“མིང་གཞུང་ནག་པོའི”ནང་བཅུག་སྟེ་ཚེ་གང་མཐོ་རྒྱུགས་སློབ་བསྡུའི་ལས་དོན་ནང་ཞུགས་མི་ཆོག་པ་དང་། དམིགས་བསལ་རིགས་ཀྱི་སློབ་མ་བསྡུ་མཁན་མཐོ་སློབ་དང་། ནང་དུ་བཙུགས་པའི་སློབ་གླིང(ཚན་ཁག་དང་པུའུ་སོགས)དང་དེ་བཞིན་དགེ་རྒན་དང་ལས་བཟོས་ཡིག་རྒྱུགས་གོང་གི་ཟུར་ཁྲིད་དང་རྒྱུགས་བསྟུན་གསོ་སྦྱོང་སྒྲིག་འཛུགས་སམ་དེར་ཞུགས་པ་དང་། ཡང་ན་སྤྱི་ཚོགས་ཐོག་གི་གསོ་སྦྱོང་སྒྲིག་གཞི་དང་མཉམ་དུ་ཚུལ་མིན་གྱི་ཁེ་བཟང་ཟ་བའི་བྱེད་སྤྱོད་སྤེལ་རིགས་གཏན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།