འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།སློབ་གྲྭ་ཆུང་འབྲིང་གི་མཐའ་འཁོར་དུ་ཐ་མག་འཚོང་མཁན་ལ་ཞིབ་གཅོད་བྱ་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་6ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་ཞིང་གསར་དུ་དག་བཅོས་བརྒྱབ་པའི་སྐྱེ་བོ་ལོ་ན་མ་སོན་པ་སྲུང་སྐྱོང་བཅའ་ཁྲིམས་ནང་སློབ་གྲྭ་དང་བུ་བཅོལ་ཁང་གི་ཉེ་འཁོར་དུ་ཐ་མག་དང་། ཨ་རག རྒྱན་ཤོག་བཅས་ཀྱི་བྲིན་ཚོང་ས་ཚིགས་འཛུགས་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། འོན་ཀྱང་ཉེ་ཆར་གསར་འགོད་པས་ཁྲུང་ཆིང་གི་ཆུས་དང་རྫོང་མང་པོའི་སློབ་གྲྭ་ཆུང་འབྲིང་གི་ཉེ་འཁོར་དུ་ལྐོག་ཞིབ་བྱེད་སྐབས་ཚོང་ཁང་མི་ཉུང་བ་ཞིག་གིས་ད་དུང་ཐ་མག་འཚོང་གི་ཡོད་པ་མཐོང་བྱུང་བས་ཁྱིམ་བདག་དང་དགེ་རྒན་མི་ཉུང་བ་ཞིག་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག 
     གསར་འགོད་པས་ཁྲུང་ཆིང་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གི་ཉེ་འགྲམ་དུ་ཡོད་པའི་མེ་ལེ་ཅ་སྟབས་བདེའི་སྒོ་རྩིས་ཚོང་ཁང་དུ་འགྲོ་ནས་ཚོང་བདག་ལ་ཐ་མག་བཙོང་རྒྱུ་ཡོད་མེད་སྐད་ཆ་འདྲི་སྐབས། “ཐ་མག་ཅི་ཞིག་དགོས”ཞེས་ཚོང་བདག་གིས་འཛེམ་བག་མེད་པར་སྤུས་རྟགས་བཅུ་གྲངས་ཁ་ཤས་ཀྱི་ཐ་མག་ཆ་ཚང་ཡོད་པའི་སྒྲོམ་སྟེགས་ཀྱི་འཐེན་སྒམ་ཁ་ཕྱེ་བྱུང། 
དེ་རྗེས་གསར་འགོད་པ་སླར་ཡང་སློབ་འབྲིང་གཞན་ཞིག་གི་ཉེ་འགྲམ་གྱི་ཁྲེན་ཀོང་ཡིག་ཆས་ཚོང་ཁང་དུ་འགྲོ་ནས་ཐ་མག་གྲགས་ཅན་ཞིག་བཙོང་རྒྱུ་ཡོད་མེད་དྲིས་པར་ཚོང་གཉེར་བས་རྐང་འགྲམ་གྱི་འགྱིག་ཤོག་ནང་ནས་ཐ་མག་སྒམ་ཆུང་གཅིག་འཐེན་ཏེ་གསར་འགོད་པར་སྤྲད་རྗེས། “ཁྱོད་ལ་དགོས་པའི་ཐ་མག་དེའི་རིན་གོང་འཕར་འདུག དེ་བྲིན་ཁ་ཧ་ཅང་ཡག་པོ་འདུག”ཅེས་བཤད། གསར་འགོད་པས་ཤེས་རྟོགས་བྱུང་བར། ཚོང་ཁང་དེ་གཉིས་ཀས་ཐ་མག་འཚོང་ཆོག་པའི་ལག་ཁྱེར་སྦྱར་མི་འདུག “ཚོང་བདག་ལགས། ཁྱེད་ཀྱིས་སློབ་གྲྭའི་ཁ་གཏད་དུ་ཐ་མག་འཚོང་དོན་གང་ཡིན་ནམ”གསར་འགོད་པའི་དྲི་སྐབས། ཚོང་བདག་གིས“ང་ཚོས་སློབ་མ་ཚོར་ཐ་མག་གཏན་ནས་འཚོང་གི་མེད”ཅེས་བཤད། 
   གསར་འགོད་པས་སློབ་འབྲིང་3དང་སློབ་ཆུང་2ཀྱི་ཉེ་འཁོར་གྱི་ཚོང་ཁང་ཆུང་ངུ་དང་ཡིག་ཆས་ཚོང་ཁང་11སོགས་ལ་བརྟག་དཔྱད་བྱས་ཤིང། དེའི་ནང་ཚོང་ཁང་9ལ་ཐ་མག་འཚོང་བའི་གནས་ཚུལ་གནས་ཤིང། ལ་ལས་ཐ་མག་ཞོར་ཟས་ཚོང་སྒྲོམ་གྱི་འོག་ཏུ་བཞག་འདུག་ལ། ལ་ལས་སྒོ་མདུན་གྱི་རིག་སར་བཞག་འདུག ཚོང་ཁང་ཚང་མར“ཐ་མག་ཆེད་འཚོང་སིལ་ཚོང་ཆོག་འཐུས་ལག་ཁྱེར”སྦྱར་མེད་པ་བཅས་རེད། དེའི་ནང་གི་ཚོང་ཁང་གཉིས་ཀྱིས་མངོན་གསལ་དེ་ཙམ་མེད་པའི་གནས་སུ་“སྐྱེ་བོ་ལོ་ན་མ་སོན་པར་ཐ་མག་དང་ཆང་རག་བཙོངས་མི་ཆོག་པའི”སྦྱར་ཡིག་སྦྱར་འདུག 
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་གྲོང་ཁྱེར་གྱིས་བཏོན་པའི་སྤྱི་པའི་འདུ་གནས་སུ་ཐ་མག་འཐེན་རྒྱུ་ཚོད་འཛིན་བྱ་རྒྱུའི་སྲོལ་ཡིག་ནང་། ཐ་མག་གི་གྲུབ་རྫས་དང་གློག་རྡུལ་ཐ་མག་འཚོང་མཁན་གྱིས་བྲིན་ཚོང་བྱ་ཡུལ་གྱི་མངོན་གསལ་དོད་སར་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པ་ཡོད་པ་དང་སྐྱེ་བོ་ལོ་ན་མ་སོན་པར་ཐ་མག་གི་གྲུབ་རྫས་བཙོངས་མི་ཆོག་པའི་མཚོན་རྟགས་འཛུགས་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་སོགས་སྐྱེ་བོ་ལོ་ན་མ་སོན་པའི་བྱེད་སྒོ་གཙོ་བོ་སྤེལ་བའི་མི་ཚོགས་འདུ་སའི་སྒོ་ཁ་སྨི་50ཡི་ཁྱབ་ཁོངས་ནང་ཐ་མག་གི་གྲུབ་རྫས་སམ་གློག་རྡུལ་ཐ་མག་བྲིན་ཚོང་བྱས་མི་ཆོག་པ་གཏན་འབེབས་བྱས་ཡོད། 
     བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀོད་གཏན་འབེབས་དེ་དག་ཚོང་ཁང་གི་ལས་བཟོ་ཁག་གཅིག་གིས་ཤེས་ཡོད་ཟེར་བ་སྟེ། “ང་ཚོ་དང་སློབ་གྲྭའི་སྒོ་འགྲམ་བར་སྨི་50ཡི་རྒྱང་བ་ཡོད་ལ་སྐྱེ་བོ་ལོ་ན་མ་སོན་པར་ཐ་མག་ཀྱང་འཚོང་གི་མེད་པས་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་ཡོད།” འོན་ཀྱང་གསར་འགོད་པས་སློབ་འབྲིང་ཞིག་གི་ལྷོ་སྒོ་ནས་ཤར་དུ་སྨི་100ཡང་མ་རྒྱང་བའི་གཞུང་ལམ་གྱི་གཞོགས་གཉིས་སུ་གནས་་པའི་ཚོང་ཁང་མང་པོ་ཞིག་ཏུ་ཐ་མག་འཚོང་གི་ཡོད་པ་མཐོང་བྱུང་། ཚོང་ཁང་འདི་དག་འབྲེལ་ཡོད་ཀྱི་གཏན་འབེབས་དང་མཐུན་མོད། འོན་ཀྱང་སྒོ་ཁ་ནི་སློབ་མ་སློབ་གྲྭར་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་ཡིན་པས། སྐྱེ་བོ་ལོ་ན་མ་སོན་པ་ཚོར་སྔར་བཞིན་མངོན་མེད་ཀྱི་གནོད་འཚེ་ཡོད་པ་རེད།
     སྐྱེ་བོ་ལོ་ན་མ་སོན་པ་ཚོ་འཚར་ལོངས་ཡོང་བའི་འགག་རྩའི་དུས་སུ་སླེབས་ཡོད་པས་ཐ་མག་འཐེན་ཚེ་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཕོག་གི་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་གསལ། ཐ་མག་འཐེན་མཁན་སློབ་མ་གཙོ་བོ་ནི་སློབ་འབྲིང་སློབ་མ་དང་ལྷག་པར་དུ་མཐོ་རིམ་སློབ་འབྲིང་སློབ་མ་ཡིན་པ་དང་གྲོང་གསེབ་ཀྱི་སློབ་མས་ཐ་མག་འཐེན་པའི་བསྡུར་གྲངས་དེ་གྲོང་ཁྱེར་གྱི་སློབ་མ་ལས་མཐོ་བ་ཡོད་པ་རེད། གྲོང་མི་ཁྲེན་པོ་ཡིས་སློབ་གྲྭ་ཉེ་འཁོར་གྱི་ཚོང་ཁང་ཁག་ཅིག་གིས་ཐ་མག་སྟེགས་བུའི་འོག་ཏུ་སྦས་ཡོད་པས་མི་མངོན་པའི་རང་བཞིན་ཆེ་བ་དང་བཅོས་སྐྱོང་གི་དཀའ་གནད་ཆེ་བས་སྲིད་གཞུང་དང་། སློབ་གྲྭ ཁྱིམ་བདག་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཕྱོགས་གཅིག་ནས་སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་ལ་ཞིབ་བཤེར་བྱེད་ཤུགས་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།བྲིན་ཚོང་གི་ཡོང་ཁུངས་ཉུང་དུ་གཏོང་དགོས་པ་དང་།ཕྱོགས་གཞན་ཞིག་ནས་སློབ་མའི་སློབ་གསོ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དགོས་མཁོ་ཉུང་དུ་གཏོང་དགོས་ཞེས་བཤད་པ་རེད། 
     ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་སྲིད་འཛིན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་ཀྲང་ཝེ་ཡིས་འགག་རྩ་ནི་ད་དུང་བཅའ་ཁྲིམས་ཀྱི་ཟིལ་གནོན་ནུས་པ་འདོན་སྤེལ་བྱས་ནས་ཐ་མག་ཚོད་འཛིན་གྱི་ཁ་ཆད་འགན་འཁྲི་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་ཚན་པས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་སློབ་གྲྭ་འབྲིང་ཆུང་གི་ཉེ་འཁོར་གྱི་ཚོང་ཁང་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལྷུ་ཚིགས་སུ། སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཚོགས་ལྟ་སྐུལ་གྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱས་ཏེ། སློབ་རའི་མཐའ་སྐོར་གྱི་ཐ་མག་བྲིན་ཚོང་དྲ་ཚིགས་ལ་མཉམ་དུ་རྡུང་རྡེག་གཏོང་དགོས། ཁྲིམས་འགལ་ཆད་གཅོད་ཀྱི་ལྷུ་ཚིགས་སུ་དཔལ་འབྱོར་གྱི་ཆད་གཅོད་མཐོ་པོ་བྱས་ནས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་པའི་སྐུལ་སློང་གི་འབྱུང་རྩ་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་པ་རེད། “བཅའ་ཁྲིམས་ཕུད་ད་དུང་ཀུན་སྤྱོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས”ཅེས་ཀྲང་ཝེ་ཡིས་དེ་ལྟར་བཤད། 
     ད་ལོ་ནས་བཟུང་། ཁྲུང་ཆིང་གྲོང་ཁྱེར་ཐ་མག་དོ་དམ་སྡེ་ཚན་གྱིས“སྐྱེ་བོ་ལོ་ན་མ་སོན་པར་ཐ་མག་འཚོང་དོན་དང་འབྲེལ་བ་ཡོད་པའི་་ཐ་མག་ཆེད་འཚོང་ཚོང་ཁང་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ”དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་ཡོངས་ཀྱི་ཐ་མག་ཆེད་འཚོང་ཁོངས་གཏོགས་ཀྱིས་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་སྒྲིག་གཞི་དང་སྨི་50ཡིས་རྒྱང་བའི་ཁྱབ་ཁོངས་ནང་གསར་དུ་གཉེར་མཚམས་འཇོག་པའམ་ཡང་ན་ཐ་མག་ཆེད་འཚོང་སིལ་ཚོང་ཆོག་འཐུས་ལག་ཁྱེར་མུ་མཐུད་གཉེར་མཚམས་འཇོག་རྒྱུ་དང་ཁྱོན་སློབ་གྲྭ་འབྲིང་ཆུང་ཉེ་འཁོར་དང་སྨི་50ཡིས་རྒྱང་བའི་ཁྱབ་ཁོངས་ནང་ཆོག་འཐུས་ལག་ཁྱེར་1500ལྷག་ཙམ་ཐོ་ཁོངས་ནས་བསུབ་རྒྱུའམ་ཡང་ན་བསྒྱུར་རྒྱུ་ཡིན་པ་རེད།  ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འགན་ནུས་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ཏེ་ཐ་མག་དོ་དམ་སྡེ་ཚན་གྱིས་སློབ་གྲྭའི་མཐའ་འཁོར་གྱི་ཐ་མག་ལྟ་སྐུལ་དོ་དམ་བཅོས་སྐྱོང་རྒྱུན་རྣམ་ཅན་གྱི་ལམ་སྲོལ་རིམ་བཞིན་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཐ་མག་སིལ་ཚོང་ལས་རིགས་ཚད་ལྡན་གཉེར་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ན་མ་སོན་པའི་སྐྱེ་བོ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་ཐ་མག་མི་འཐེན་པའི་ཁོར་ཡུག་ཅིག་གཏོད་དགོས། 
     ཀྲང་ཝེ་ཡིས་བཤད་དོན། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཕུད། ད་དུང་གཞོན་ནུ་ལོ་ཆུང་ལ་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྙན་ཐུང་དང་ཐད་གཏོང་སོགས་སྨྱན་སྦྱོར་གསར་པའི་ཐོག་ནས་ཐ་མག་གི་གནོད་འཚེའི་ཤེས་བྱ་ཁྱབ་གདལ་བཏང་དགོས། “ཕ་མ་ནི་ཕྲུ་གུའི་དགེ་རྒན་ཡག་ཤོས་ཡིན་པས་ཁྱིམ་ཚང་གི་ཁོངས་མིའི་རང་གཅུན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་སློང་རྒྱ་ཁྱབ་ཏུ་བྱས་ནས་ཐ་མག་མི་འཐེན་པའི་འདུ་ཤེས་ཁྱིམ་ཚང་གི་སློབ་གསོའི་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས།”