འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་ཀྱི་ཚོད་ལྟའི་སྐོར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ས་ཁུལ་ཁ་ཤས་སུ་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་ཚོད་ལྟ་བྱེད་པའི་ལས་ཀ་སྤེལ་བའི་དབང་ཆ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས། (2021ལོའི་ཟླ་10ཚེས་23ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཐོག་གྲོས་འཆམ་བྱུང་།)
     ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུའི་ཁྲིམས་འཛུགས་དང་སྒྱུར་བཅོས་བརྟན་པོའི་ངང་ཧུར་ཐག་སྤེལ་བ་དང་། སྡོད་ཁང་ལུགས་མཐུན་ངང་འཛད་སྤྱོད་དང་ས་ཞིང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་པར་ཁྲིད་སྟོན། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་ཆེད།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ས་ཁུལ་ཁ་ཤས་སུ་ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུའི་སྒྱུར་བཅོས་ཚོད་ལྟ་བྱེད་པའི་ལས་ཀ་སྤེལ་བའི་དབང་ཆ་སྤྲོད་རྒྱུའི་གཏན་འབེབས་བྱས། 
     གཅིག ཚོད་ལྟའི་ས་ཁུལ་གྱི་ས་ཁང་བདག་ཁོངས་དཔྱ་ཁྲལ་གྱི་དཔྱ་ཁྲལ་བསྡུ་ཡུལ་ནི་གནས་སྡོད་བྱ་ཡུལ་དང་གནས་སྡོད་བྱ་ཡུལ་མིན་པ་སོགས་ཀྱི་ས་ཁང་བདག་ཁོངས་རིགས་སྣ་ཚོགས་ཡིན་ཞིང་། དེའི་ནང་ཁྲིམས་ལྟར་དབང་བའི་གྲོང་གསེབ་ཀྱི་ཁང་ས་དང་དེའི་སྟེང་གི་སྡོད་ཁང་ཚུད་མེད། ས་ཆ་སྤྱོད་དབང་ཡོད་པའི་མི་དང་། ཁང་པའི་བདག་དབང་ཡོད་པའི་མི་དེ་ས་ཁང་བདག་ཁོངས་ཀྱི་ཁྲལ་འཇལ་མཁན་ཡིན། སྡོད་གནས་སུ་སྤྱོད་རྒྱུ་མིན་པའི་ས་ཁང་བདག་ཁོངས་མུ་མཐུད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁང་ཁྲལ་གྱི་གནས་སྐབས་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་ཁྲལ་གྱི་གནས་སྐབས་སྲོལ་ཡིག་》ལྟར་ལག་བསྟར་བྱེད་དགོས། 
     གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁང་བདག་ཁོངས་དཔྱ་ཁྲལ་གྱི་ཚོད་ལྟ་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱ་རྒྱུ་དང་། ཚོད་ལྟའི་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་བྱེད་སྲོལ་ཞིབ་ཕྲ་གཏན་འབེབས་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་ཚོད་ལྟའི་ས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་ཚན་རིག་དང་མཐུན་ཞིང་ལག་ལེན་བསྟར་ནུས་པའི་བསྡུ་ལེན་དོ་དམ་མ་དཔེ་དང་གོ་རིམ་བསྐྲུན་དགོས། 
     གསུམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུར་བརྩོན་བརྟན་བརླིང་གི་རྩ་དོན་ལྟར། ཚོད་ལྟ་ཟབ་སྤེལ་དང་གཅིག་གྱུར་གྱི་ཁྲིམས་འཛུགས་ལ་གཅིག་གྱུར་གྱིས་བསམ་བློ་གཏོང་བ་དང་། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ནས་ཚོད་ལྟ་བྱེད་གནས་གཏན་འཁེལ་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་འབུལ་དགོས། 
     གཏན་འབེབས་འདིས་དབང་སྤྲད་པའི་ཚོད་ལྟའི་དུས་ཡུན་ནི་ལོ་ལྔ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོད་ལྟའི་བྱེད་ཐབས་དཔར་འགྲེམ་བྱས་ཉིན་ནས་བརྩི་རྒྱུ། ཚོད་ལྟ་བྱེད་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོད་ལྟའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ནས་དབང་སྤྲད་དུས་ཚད་མ་ཐོན་གོང་གི་ཟླ་བ་དྲུག་གི་སྔོན་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཚོད་ལྟའི་གནས་ཚུལ་སྙན་སེང་ཞུ་རྒྱུ་དང་། མུ་མཐུད་དེ་དབང་སྤྲད་དགོས་རིགས་འབྲེལ་ཡོད་ཀྱི་བསམ་འཆར་བཏོན་ཆོག་ཅིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་རྒྱུ། ཆ་རྐྱེན་འཛོམས་ཚེ་དུས་ཐོག་ཏུ་བཅའ་ཁྲིམས་བཟོ་དགོས། 
     གཏན་འབེབས་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ་དང་། ཚོད་ལྟ་བྱེད་འགོ་འཛུགས་པའི་དུས་ཚོད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱ་རྒྱུ།