འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།རང་རྒྱལ་གྱི་ཏུན་ཁྲི་རིམ་པའི་མཚོ་དོན་སྐོར་གཡེང་གྲུ་གཟིངས་ཐོག་མ“མཚོ་སྐོར་09”
རྟགས་ཅན་གྱི་གྲུ་གཟིངས་ཀོང་ཀྲོའུ་དཔུང་རུའི་ནང་བཅུག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་23ཉིན། རང་རྒྱལ་གྱི་ཏུན་ཁྲི་རིམ་པའི་མཚོ་དོན་སྐོར་གཡེང་གྲུ་གཟིངས་ཐོག་མ“མཚོ་སྐོར་09”རྟགས་ཅན་གྱི་གྲུ་གཟིངས་ཀོང་ཀྲོའུ་ནན་ཧྲ་ཡི་དཔུང་རུའི་ནང་བཅུག་ནས་ཀྲུང་གོའི་མཚོ་དོན་ཁྲིམས་འཛིན་གྱི་གྲས་སུ་ཞུགས་ཡོད་ཅིང་། དེ་རང་རྒྱལ་གྱི་མིག་སྔའི་ཏུན་ཆེ་ཤོས་ཟིན་པའི་གཞུང་དོན་ཁྲིམས་སྐྱོང་གི་གྲུ་གཟིངས་ཤིག་ཡིན་པ་དང་། སྒྲིག་ཆས་སྔོན་ཐོན་དང་ཕྱོགས་བསྡུས་ནུས་པ་ཆེ་བས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།
    མཚོ་དོན་ཁོངས་གཏོགས་ཀྱི་ཏུན་ཁྲི་རིམ་པའི་ཕྱོགས་བསྡུས་བཀོད་འདོམས་གྲུ་གཟིངས་ཐོག་མ་ཡིན་པའི“མཚོ་སྐོར་09”རྟགས་ཅན་གྱི་གྲུ་གཟིངས་ལ་རྙོག་འཛིང་ཆེ་བའི་རྒྱ་མཚོའི་གནས་ཚུལ་གྱི་འོག་བདེ་འཇགས་སྐོར་གཡེང་དང་དེ་བཞིན་འཕྲལ་སྡོམ་འཚོལ་སྐྱོབ་ཀྱི་ནུས་པ་ལྡན་པས། མཁའ་མཚོ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཁྲིམས་སྐྱོང་དང་གོ་ལ་ཧྲིལ་པོའི་སྐོར་གཡེང་རོགས་སྐྱོབ་བྱེད་ཐུབ་ནས་རང་རྒྱལ་མཚོ་ཐོག་གི་སྐོར་གཡེང་ཁྲིམས་སྐྱོང་དང་། འཕྲལ་སྡོམ་མཐུན་སྦྱོར་བཀོད་འདོམས། མཚོ་ཐོག་སྦགས་བཙོག་འགོག་པའི་བཀོད་འདོམས་སྒུལ་རྣམ་ཁྲིམས་སྐྱོང་བཅས་ཀྱི་ལས་སྟེགས་སུ་འགྱུར་རྒྱུ་རེད། གྲུ་གཟིངས་དེ་འཁོར་རྒྱུག་བྱས་པ་དེས་རང་རྒྱལ་གྱི་མཚོ་ཐོག་འགྲིམ་འགྲུལ་ལ་སྒུལ་རྣམ་གྱི་དོ་དམ་ཚོད་འཛིན་དང་འཕྲལ་སྡོམ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ནས། འཐབ་ཇུས་དངོས་རྫས་སྐྱེལ་འདྲེན་ཤར་གཏོང་དང་མཚོ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གལ་ཆེན་གྱི་བདེ་འཇགས་འགན་ལེན་ནུས་ལྡན་དང་། མཚོ་ཐོག་སྐྱེལ་འདྲེན་གྱི་རྒྱལ་སྤྱིའི་ཟོག་འགྲེམས་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་དང་མཚོ་ཐོག་སྐྱེལ་འདྲེན་ལས་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
    འབྱུང་འགྱུར། “མཚོ་ཐོག་སྐོར་གཡེང་09”རྟགས་ཅན་གྱི་གྲུ་གཟིངས་དེ་རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་མཚོ་དོན་སྤེལ་རེས་དང་མཉམ་ལས་ཀྱི་རྟེན་གཞི་དང་། མཚོ་དོན་ལས་སྒོའི་ཕྱོགས་བསྡུས་གསོ་སྦྱོང་རྟེན་གཞི། མཚོ་འགྲུལ་གྱི་ཚན་རིག་ཤེས་བྱ་ཁྱབ་སྤེལ་དང་དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཅས་སུ་བསྐྲུན་རྒྱུ་དང་། གྲུ་གཟིངས་དེ་དཔུང་རུའི་ནང་བཅུག་རྗེས་ཀོང་ཏུང་མཚོ་དོན་ཅུས་ཀྱིས་དོ་དམ་བྱ་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན གྲུ་གཟིངས་དེ་2019ལོའི་ཟླ་5པར་དངོས་སུ་བཟོ་འགོ་ཚུགས་པ་དང་། རིང་ཚད་བསྡོམས་སྨི་165དང་། ཞེང་ཚད་སྨི་20.6 དབྱིབས་ཀྱི་གཏིང་ཚད་སྨི་9.5 ཆུ་འབུད་ཚད་ཏུན་ཁྲི་1.3བཅས་ཟིན་པ་དང་། བསྟུད་མར་སྐྱོད་ཤུགས་མཚོ་ལེ་10000/ཅེ་16ལས་མི་དམའ་བ། མཚོ་འགྲུལ་གྱི་མྱུར་ཚད་མགྱོགས་ཤོས་ཅེ་25ལས་མི་དམའ་བ། མཚོ་འགྲུལ་བྱ་ཡུལ་ནི་མཚོ་ཐོག་རྒྱང་སྐྱོད་ཁུལ་ཡིན་པ། རང་འགུལ་ནུས་པ་ཉིན་90ཟིན་པ། རླུང་ཤུགས་རིམ་པ་12ཀྱི་ཆ་རྐྱེན་འོག་བདེ་འཇགས་ངང་མཚོ་འགྲུལ་ཐུབ་ཀྱི་ཡོད། གྲུ་གཟིངས་དེར་རིག་ནུས་ཀྱི་གྲུ་ཁང་མ་ལག་དང་། རིག་ནུས་ཁྲིམས་སྐྱོང་གི་ཆུ་སྒྱོགས་མ་ལག འཚོལ་སྐྱོབ་གྲུ་གཟིངས། འོད་གློག་རྗེས་སྙེག་དང་དཔང་ལེན་མ་ལག་སོགས་སྒྲིག་སྦྱོར་བྱས་ཡོད་པ་དང་། ཐད་འཕུར་གནམ་གྲུ་བླུགས་ན་འགྲིག སྔོན་ཐོན་གྱི་མཚོ་ཐོག་གྲངས་གཞིའི་ལྟེ་གནས་བསྐྲུན་པས་བྱང་སྐར་སྤུན་བདུན་ཚུད་པའི་སྲུང་སྐར་མ་ལག་མང་པོ་ཞིག་གི་ཐོག་ནས་གོ་ལ་ཧྲིལ་པོར་དྲ་སྦྲེལ་ཐུབ་པ་དང་། དཔུང་རུའི་རང་བཙུགས་དྲ་བ་དང་གྲངས་འཛིན་ཚོགས་པ་བཙུགས་ནས་འགུལ་རྣམ་གྱི་ཤེས་ཚོར་དང་། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ། ཆ་འཕྲིན་ཐག་གཅོད། ཕྱོགས་བསྡུས་བཀོད་འདོམས། མཚོ་དོན་ལྟ་འདོམས་སོགས་ཀྱི་ནུས་པ་ལྡན་པ་མ་ཟད། ད་དུང་ཉེན་ཁ་འཕྲད་པའི་གྲུ་གཟིངས་ལ་གྲུ་ཚང་བཀག་པ་དང་། ཆུ་འབུད་པ་སོགས་ཀྱི་ཆེད་ལས་རོགས་སྐྱོབ་དང་། ཉེན་ཁ་འཕྲད་པའི་རྨས་སྐྱོན་ཕོག་མཁན་ལ་སྟབས་བདེའི་སྨན་རྫས་དང་ཡོ་བྱད་སྤྲོད་པ་དང་། གཤགས་བཅོས་སོགས་བྱེད་ཐུབ་ཀྱི་ཡོད།
    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་མཚོ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། “སྐམ་མཚོ་མཁའ་གསུམ”གཞི་གཅིག་ཅན་གྱི་ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་འགན་ལེན་མ་ལག་དང་གཙོ་རྒྱུ་ཀུན་འཛོམས་ཀྱི་ཆུ་ཐོག“འགྲིམ་འགྲུལ་དོ་དམ་ཆེན་པོ”བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོར་གྲུ་གཟིངས་སྐོར་གཡེང་བྱེད་པའི་ནུས་པ་དང་རྒྱལ་སྤྱིའི་མཚོ་ཐོག་འཚོལ་སྐྱོབ་དང་ཐོལ་བྱུང་དོན་རྐྱེན་གལ་ཆེན་ཐག་གཅོད་ནང་ཞུགས་པའི་མཚོ་དོན་གཞུང་སྒྲུབ་གྲུ་གཟིངས་རུ་ཁག་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། དོ་དམ་ཁོངས་གཏོགས་ཆུ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་དང་། མཚོ་ཐོག་རོགས་སྐྱོབ། མཚོ་འགྲུལ་འགན་ལེན་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་དང་རྒྱ་མཚོ་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུར་ཞབས་འདེགས་ཞུ་རྒྱུ་རེད་ཅེས་བརྗོད།