འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་ལིམ་
ཕིག་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་གཟབ་རྒྱས་ངང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་དགོང་མོ། རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་ཧྲའན་ཤིས་ཤིས་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་སྐྱོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཡུང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
    འགོ་ཚུགས་མཛད་སྒོ་མ་འཚོགས་གོང་། སུན་ཁྲུན་ལན་དང་ཝང་ཡུང་གིས་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་དང་། དེ་བཞིན་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ལས་དོན་མི་སྣའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་མ་ཟད། ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་དང་ཆབས་ཅིག ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག་ཕུལ་བྱུང་གྲུབ་འབྲས་ཐོབ་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་རྒྱ་ཆེའི་དབང་སྐྱོན་ལུས་རྩལ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་འབད་བརྩོན་ལྷོད་མེད་དང་། རང་ངོས་ལ་འགྲན་སློང་། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། སྐབས་འདིའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སུ་སྦྱངས་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀའི་ཐད་གྲུབ་འབྲས་ཐོབ་པའི་སྐུལ་ལྕག་གནང་བ་རེད།
    ཆུ་ཚོད་20ལ་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། སུན་ཁྲུན་ལན་དང་ཝང་ཡུང་སོགས་འགོ་ཁྲིད་བློ་མཐུན་ཚོགས་རར་ཕེབས་ནས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་རེད། དར་སྲུང་བའི་སྲུང་སྐྱོབ་འོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར། དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་བཅས་ཚོགས་རར་འཁྱེར་ཡོང་བ་རེད། དེ་རྗེས་ཤན་འབྱེད་པའི་རུ་སྟར་གྲུ་བཞི་དང་འཐུས་མི་ཚོགས་པ་ཁག་རིམ་པ་བཞིན་ཚོགས་རར་འབྱོར། འགོ་ཚུགས་མཛད་སྒོའི་ཐོག་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་རྒྱལ་ཡོངས་ཀྱི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
    ཧྲའན་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ཀྲའོ་དབྱི་ཏེ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུང་ཝུན། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་འགན་ལས་འཛིན་ཀྲོའུ་ཁྲང་ཁུའེ་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་པ་རེད། འགོ་ཚུགས་མཛད་སྒོ་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཧེང་ཧྭ་ཡིས་གཙོ་སྐྱོང་བྱས་པ་རེད།
     སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ《ང་ཚོ་མཉམ་དུ་འཛོམས》ཞེས་པ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར། དེ་བཞིན་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དལ་བུར་སྒྲེང་། ལུས་རྩལ་པ་དང་། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ཀྱི་འཐུས་མིས་སྔ་རྗེས་སུ་སྒམ་ནན་ངང་དམ་བཅའ་བཞག་པ་རེད།
     འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ《ཐུན་མོང་གི་ཕུགས་འདུན》ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ《དྲོ་སྐྱིད་ལྡན་པ》དང་། 《རང་སྟོབས་འཕེལ་བ》 《མཚར་སྡུག་བཀྲ་བ》བཅས་ལེ་ཚན་གསུམ་ལ་ཕྱེ་ཡོད། རྐང་ལག་སྐྱོན་ཅན་བུ་མོ་ཀའོ་ཙེ་གཡོད་ཀྱིས་ཧྲའན་ཤིས་རྒྱུད་ཀྱི་བུ་ཕྲུག་ཚོས་འདུ་ཚོགས་གཟབ་རྒྱས་བསུ་བའི་བསམ་འདུན་བཟང་པོ་མཚོན་པར་བྱས་ནས་འོད་སྟོང་འཕྲོ་བའི་ཏང་གི་ཉི་འོད་ལྟ་བུའི་སྲིད་ཇུས་བཟང་པོའི་འོག་དབང་པོ་སྐྱོན་ཅན་གྱིས་ཕུགས་འདུན་སྒྲུབ་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་པ་རེད། རྐུབ་སྟེགས་འཁོར་ལོ་ཅན་གྱི་ཞབས་བྲོ་དང་ལོང་བའི་རྐང་རྩེད་སྤོ་ལོ་སོགས་འཁྲབ་སྟོན་བྱས་པ་ལས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དབང་པོ་སྐྱོན་ཅན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱ་ཆེའི་དབང་པོ་སྐྱོན་ཅན་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གསོན་ཉམས་དོད་པོས་མཚོན་པ་རེད།
     སྐབས་འདིའི་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཟླ་10ཚེས་22ནས་29ཉིན་བར་ཧྲའན་ཤིས་ཤིས་ཨན་དང་པའོ་ཅི་སོགས་སུ་གཉེར་བ་རེད། འཐུས་མི་ཚོགས་པ་35དང་ལུས་རྩལ་པ་4484འགྲན་བསྡུར་ནང་ཞུགས་ཡོད་པ་དང་། ཁྱོན་རྣམ་གྲངས་ཆེ་གྲས་43ཡོད་པའི་ནང་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་34དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་9ཡོད་པ་རེད།