འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་22ཉིན།

༄༅།།ལི་ཅིན་ཙའོ་ཡིས་རྒྱུ་ནོར་སྒོར་ཁྲི་6550ལྐོག་ལེན་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལི་ཅིན་ཙའོ་ཡིས་རྒྱུ་ནོར་སྒོར་ཁྲི་6550ལྐོག་ལེན་བྱས།
     མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་10ཚེས་21ཉིན་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་རིག་གནས་དང་ཡུལ་སྐོར་པུའི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་པུའུ་ཀྲང་གཞོན་པ་ལི་ཅིན་ཙའོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཞིབ་གཅོད་བྱས་པ་དང་། ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མི་སྣ་ཁྲིམས་རར་མངགས་གཏོང་བྱས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ལི་ཅིན་ཙའོ་དང་དེའི་དག་འབུད་པ་ཁྲིམས་རའི་ཞུ་གཏུག་ནང་ཞུགས་ཡོད། 
ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 
     1996ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་ལི་ཅིན་ཙའོ་ཡིས་ཀྲུང་གུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཚོང་དོན་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ། དེ་སྔའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་ཁུར་སྐབས་གོ་གནས་ཐད་ཀྱི་སྟབས་བདེ་དང་། འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་འོས་ཐོབ་ཞིབ་བཤེར་མཆན་འགོད་དང་། ལས་སྟེགས་གྲབས་འཛུགས། ལས་གྲྭ་འགན་ལེན། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་འགལ་ངང་གཞན་གྱིས་སྤྲད་པའི་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་6550.4164བླངས་པ་རེད། ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པར་བརྟེན་ཞུ་སྦྱོར་ཕྱི་མ་བ་ལི་ཅིན་ཙའོ་ལ་ཉེས་དོན་འགན་འཁྲི་བདའ་འདེད་བྱ་རྒྱུའི་རེ་འདུན་ཞུས་ཡོད། 
     ཁྲིམས་སའི་འདྲི་གཅོད་ཁྲོད་དུ་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་ཡོད་པ་དང་། ཞུ་སྦྱོར་ཕྱི་མ་བ་ལི་ཅིན་ཙའོ་དང་དེའི་དག་འབུད་བྱེད་མཁན་གྱིས་ངོ་ཐུག་ར་སྤྲོད་བྱས་ཡོད་ཅིང་། རྩོད་བཤེར་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་པོས་བསམ་འཆར་གང་ལེགས་བཏོན། ལི་ཅིན་ཙའོ་ཡིས་མཇུག་མཐའི་གསལ་བཤད་བྱས་ནས་ཁྲིམས་སར་ནག་ཉེས་ངོས་ལེན་ཞུས་པ་རེད། མཇུག་མཐར། ཁྲིམས་རས་ཁྲིམས་ས་འཚོག་མཚམས་བཞག་ཅིང་དུས་ཚོད་བཟོས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་གཏན་འཁེལ་བྱས། 
     མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་མི་30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།