འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་22ཉིན།

༄༅།།ཧེ་ནན་གྱིས་ལུས་རྩལ་རིགས་འདི་གསུམ་པོ་འབྲིང་རྒྱུགས་ནང་བཅུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཧེ་ནན་གྱིས་ལུས་རྩལ་རིགས་འདི་གསུམ་པོ་འབྲིང་རྒྱུགས་ནང་བཅུག
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཧའེ་ཁོའུ་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཧའེ་ནན་ཞིང་ཆེན་སློབ་གསོ་ཐིང་གིས《ཧའེ་ནན་ཞིང་ཆེན་གྱི་དམའ་རིམ་སློབ་འབྲིང་གི་ཡོན་ཚད་ལུས་རྩལ་ཚན་པའི་རྒྱུགས་ལེན་ཇུས་གཞི》(2021ལོར་དག་བཅོས་བྱས།)》བཏོན་ནས་གཏན་འབེབས་བྱས་པ་ལྟར་ན། 2022ལོ་ནས་བཟུང་འབྲིང་རྒྱུགས་ཀྱི་ལུས་རྩལ་སློབ་ཚན་གྱི་རྒྱུགས་གཏོང་སྟངས་ནི་ངེས་སྤྲོད་ཀྱི་རྒྱུགས+འདེམས་རྒྱུགས་ལ་ལེགས་སྒྲིག་བྱས། བང་རྒྱུག་ནི་ངེས་སྤྲོད་ཀྱི་རྒྱུགས་ཀྱི་རྣམ་གྲངས་སུ་བཀོད་ཡོད་པ་ཕུད་འདེམས་རྒྱུགས་རྣམ་གྲངས་མང་དུ་བཏང་ནས་ཆུ་རྐྱལ་དང་། ཐག་མཆོང་། དེ་བཞིན་སྤོ་ལོ་རིགས་ཆེན་པོ་གསུམ་བཅས་རིམ་བཞིན་འདེམས་རྒྱུགས་རྣམ་གྲངས་ནང་སྣོན་རྒྱུ་དང་འབྲིང་རྒྱུགས་ལུས་རྩལ་གྱི་སྤྱིའི་སྐར་གྲངས་2024ལོ་ནས་བཟུང་སྐར་མ་60བར་འཕར་རྒྱུ་ཡིན། 
     ཇུས་གཞིའི་ནང་གཏན་འབེབས་བྱས་དོན། 2022ལོ་ནས་བཟུང་ཧའེ་ནན་གྱི་འབྲིང་རྒྱུགས་ལུས་རྩལ་སློབ་ཚན་གྱི་རྒྱུགས་དེ་ངེས་སྤྲོད་ཀྱི་རྒྱུགས+འདེམས་རྒྱུགས་ལ་བསྒྱུར་རྒྱུ་ཡིན། ངེས་སྤྲོད་ཀྱི་རྒྱུགས་ཀྱི་རྣམ་གྲངས་ནི་རྒྱུགས་ལེན་སློབ་མ་ངེས་པར་དུ་ཞུགས་དགོས་པའི་རྒྱུགས་ཀྱི་རྣམ་གྲངས་ལ་ཟེར། འདེམས་རྒྱུགས་རྣམ་གྲངས་ནི་རྒྱུགས་ལེན་སློབ་མས་གཏན་འཁེལ་བྱས་པའི་རྣམ་གྲངས་མང་པོ་ནས་གཅིག་གདམ་ནས་རྒྱུགས་ཀྱི་རྣམ་གྲངས་བྱེད་དགོས་པ་ལ་ཟེར། མཐའ་མའི་སྐར་གྲངས་ནི་ངེས་སྤྲོད་ཀྱི་རྒྱུགས་ཀྱི་རྣམ་གྲངས་ཀྱི་ཐོབ་སྐར་དང་འདེམས་རྒྱུགས་རྣམ་གྲངས་ཀྱི་ཐོབ་སྐར་གཉིས་ཀྱི་བསྡོམས་གྲངས་ཡིན་ཞིང་། སློབ་མའི་འབྲིང་རྒྱུགས་ཀྱི་སྤྱིའི་སྐར་གྲངས་ནང་བརྩི་དགོས། 
     དེའི་ནང་2022ལོ་ནས་2023ལོའི་བར་གྱི་ལུས་རྩལ་སློབ་ཚན་གྱི་རྒྱུགས་ཀྱི་སྐར་གྲངས་བསྡོམས་འབོར་50ཡིན་པ་དང་ངེས་སྤྲོད་ཀྱི་རྒྱུགས་ཀྱི་རྣམ་གྲངས་ནི་སྐྱེས་པའི་སྨི་1000གི་བང་རྒྱུག་དང་བུ་མོའི་སྨི་800ཡི་བང་རྒྱུག་ལ་སྐར་གྲངས་30ཡོད། འདེམས་རྒྱུགས་རྣམ་གྲངས་ལ་སྐར་མ་20ཡོད་ཅིང་། རྣམ་གྲངས་གསུམ་ནི་གན་ཉལ་ཙོག་ལངས་དང་། སྐར་མ་གཅིག་གི་ཐག་མཆོང་། སྨི་50ཡི་ཆུ་རྐྱལ་བཅས་རེད། 2024ལོ་ནས་བཟུང་ལུས་རྩལ་གྱི་སྤྱིའི་སྐར་གྲངས་60ཡིན་པ་དང་ངེས་སྤྲོད་ཀྱི་རྒྱུགས་ཀྱི་རྣམ་གྲངས་ནི་སྐྱེས་པའི་སྨི་1000གི་བང་རྒྱུག་དང་བུ་མོ་སྨི་800ཡི་བང་རྒྱུག་ལ་སྐར་གྲངས་30ཡོད། འདེམས་རྒྱུགས་རྣམ་གྲངས་ནི་སྐར་མ་གཅིག་གི་ཐག་མཆོང་དང་། སྨི་50ཡི་ཆུ་རྐྱལ། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་བཅས་ཡིན་པ་དང་སྐར་མ་30ཡོད་པ་རེད། 
     ཇུས་གཞིའི་ནང་ད་དུང་བསྟན་དོན། 2025ལོ་ནས་བཟུང་ལོ་གསུམ་རེ་དུས་འཁོར་རེ་བྱེད་པའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ནས་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་དེ་ཞིང་ཆེན་ཡོངས་ཀྱི་ལོ་གསུམ་རིང་གི་སྤྱིའི་རྒྱུགས་ཀྱི་སྐར་གྲངས་ཀྱི་འཕར་ཆག་ལ་གཞིགས་ནས་འོས་འཚམ་ངང་ལེགས་སྒྲིག་བྱས་ཏེ་སློབ་མའི་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བ་དང་། ལུས་རྩལ་གྱི་རྩལ་ནུས་ཆེ་རུ་གཏོང་བ། སློབ་མའི་གཟུགས་གཞི་བདེ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།