འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་3ཉིན།

༄༅།།ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། “རྒྱང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་བ། འཕེལ་རྒྱས་ཀྱི་རི་མོ་གསར་བ”ཞེས་པ་བརྗོད་གཞི་བྱས་པའི་ཕྱི་འབྲེལ་པུའུ་ཡིས་བོད་ལྗོངས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱེད་སྒོ་ཚེས་20ཉིན་ཕྱི་འབྲེལ་པུའུ་ཡི་ལན་ཐིང་དུ་འཚོགས་པ་རེད།      ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞིའི་ལས་ཚབ་ཡན་ཅིན་ཧའེ་གཉིས་ཀྱིས་འོས་སྦྱོར་བྱས་པ་རེད། ཕྱི་འབྲེལ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་དང་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་། པུའུ་ཀྲང་གི་ལས་རོགས་ཏེང་ལི། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
     ཝང་དབྱིས་བཤད་དོན། ད་ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ལོ་70ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་བོད་ཞི་བས་བཅིངས་འགྲོལ་ཐོབ་པ་དང་མུན་ནག་དང་རྗེས་ལུས་ཀྱི་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་ཐོག་ཐད་ཀར་བསྐྱོད་ནས“གོམ་པ་རེ་རེ་བཞིན་ལོ་ངོ་སྟོང་བརྒལ་བའི”ཆབ་སྲིད་ཀྱི་ངོ་མཚར་བཏོད་ཡོད། ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་ནས་སེམས་མཐུན་སྟོབས་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པས་བོད་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ“གོམ་པ་རེ་རེ་བཞིན་ལོ་ངོ་སྟོང་བརྒལ་བའི”འཕེལ་རྒྱས་ཀྱི་ངོ་མཚར་ཡང་བཏོད་ཡོད།      ད་ཆའི་བོད་འདི་ཉིད་ཀྲུང་གོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་བའི་མཚོན་ཚུལ་རགས་ཙམ་ཞིག་དང་། ཀྲུང་གོའི་དམངས་གཙོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་འགྲོ་ཚུལ་གསོན་ཉམས་དོད་པོ། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་མཉམ་ལས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་བཅས་སུ་གྱུར་ཡོད། བོད་དུ་ད་ལོ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་ལ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་ཁག་ཐད་འདྲ་མཉམ་གྱི་དབང་ཆ་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཆོས་དད་རང་མོས་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་གང་ལེགས་དང་འཕེལ་རྒྱས་ཟམ་མི་ཆད་པ་བྱུང་ཡོད། བོད་ལྗོངས་འགྲེམས་ཚོགས་དང་། “ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས” “ཧི་མ་ལ་ཡའི་མཐའ་འཁོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སོགས་རྒྱལ་སྤྱིའི་ཚོགས་འདུ་རབ་དང་རིམ་པར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་།མཐའ་འཁོར་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།
     ཝང་དབྱིས་བཤད་དོན། ད་ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་བོད་དུ་རྟོག་ཞིབ་གནང་བར་ཕེབས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་བསྟན་པ་རེད། ཕྱི་འབྲེལ་པུས་རྒྱལ་ནང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ས་གནས་ཀྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས། ཕྱི་འབྲེལ་པུའི་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ། བདེ་འཇགས་དང་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་གང་རུང་ལ་ངོ་རྒོལ་བྱས་ནས་དར་རྒྱས་ལྡན་པའི་བོད་ལྗོངས་དང་། བདེ་སྐྱིད་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
     ཝང་དབྱིས་ནན་གྱིས་བསྟན་དོན། ལོ་ངོ་70ཡི་རིང་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག སྒོ་རྒྱག་ནས་སྒོ་དབྱེའི་བར། བོད་འདི་ཉིད“མི་ཡུལ་གསར་བ་ཞིག་ཏུ་བརྗེས”ཡོད། བོད་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་བདེན་དཔང་གལ་ཆེན་ཞིག་རེད། ཀྲུང་གོའི་སྒོ་དབྱེ་དང་འཕེལ་རྒྱས་དེ་སྔར་ནས་བཟུང་འཛམ་གླིང་དང་འབྲེལ་བ་དམ་ཟབ་ཡོད་པས་ང་ཚོས་རང་ངོས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མུ་མཐུད་མཁོ་འདོན་དང་། བར་མཐོངས་གསར་པ་གཏོད་པ། རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ”དོན་འཁྱོལ་ཡག་པོ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་ལ་དེ་བས་ཞི་བདེ་དང་། བརྟན་ལྷིང་། དེ་བས་དར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན། 
     ཝང་ཅུན་ཀྲེང་གིས་བཤད་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་མཛད་ཇུས་ལས་དོན་ལ་ཁ་ཕྱོགས་སྟོན་པ་དང་ལེ་ཚན་བཀོད་སྒྲིག་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཁ་གསལ་བཟོས་ཏེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས་དེ་བས་དར་རྒྱས་ཡར་ཐོན་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་ཉམས་ལེན་དང་འཕེལ་རྒྱས་ཀྱི་རི་མོ་གསར་པ་མཉམ་དུ་འབྲི་བར་དགའ་བསུ་ཞུ་རྒྱུ་ཡིན། ཡན་ཅིན་ཧའེ་ཡིས་མི་རིགས་འཆམ་མཐུན་དང་དམངས་འཚོ་འགན་ལེན། སྣོད་བཅུད་སྲུང་སྐྱོང་། ཕྱི་ཕྱོགས་དང་སྤེལ་རེས་སོགས་ཀྱི་ཐད་ནས་བོད་ལྗོངས་ཡུན་རིང་བདེ་འགོད་དང་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།
  ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་བ་ཅེ་ཉི་སུའོ་ཧྥུ་དང་། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེན་མོ་བ་ཕན་ཏི། ཀྲུང་གོར་བཅའ་སྡོད་ནི་ཀྲེ་རི་ཡའི་གཞུང་ཚབ་ཆེན་མོ་བ་ཅི་ཏ་བཅས་ཀྱིས་ཤིས་ཚིག་སྒྲོན་སྐབས་བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་གྲུབ་འབྲས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་རེད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་དང་། ལྗང་མདོག་ལྷད་མེད་ཀྱི་སྣོད་བཅུད་ཁོར་ཡུག བདེ་འཇགས་ཞི་མཐུན་གྱི་སྣ་མང་སྤྱི་ཚོགས། སྤྲོ་སེམས་འཁོལ་ཞིང་མགྲོན་པོར་སྣེ་ལེན་དགའ་བའི་མི་རིགས་ཁག་གི་མི་དམངས་བཅས་ལ་བག་ཆགས་ཟབ་མོ་བཞག་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བའི་ཡིད་ཆེས་ཡོད་ལ་རང་རྒྱལ་ཁབ་དང་བོད་དབར་གྱི་མཛའ་གྲོགས་འགྲོ་འོང་དང་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བཤད་པ་རེད། ལྷ་ས་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་ཀྲེན་ཀྲང་དང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སློབ་ཆུང་གི་དགེ་རྒན། སྨན་གླིང་རྫོང་སྟག་ལུང་དགོན་གྱི་སྤྲུལ་སྐུ་བཅས་ཀྱིས་བརྙན་ཐུང་བརྒྱུད་ཉེ་འགྲམ་གྱི་གཏམ་རྒྱུད་མཉམ་སྤྱོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་སྲོལ་རྒྱུན་རིག་གནས་དང་ཆོས་དད་རང་མོས་སྲུང་སྐྱོང་སོགས་ཐད་ཀྱི་བོད་ཀྱི་དགེ་མཚན་ལྡན་པའི་བྱ་ཐབས་དང་ཕན་འབྲས་ངོ་སྤྲོད་བྱས་པ་རེད། ཧྥ་རན་སེའི་འཁྲབ་ཁྲིད་པ་རང·སྨི་ཤིའར·ཁ་ལུའེ་ཡིས་བརྙན་ལམ་ཐོག་ནས་གཏམ་བཤད་བྱས་ཏེ་ལོ་བཅུ་ལྷག་ཙམ་རིང་བོད་དུ་པར་ལེན་བྱས་པའི་དངོས་མཚོན་པར་གཞི་དང་གནས་ཚུལ་དངོས་མཚོན་གློག་བརྙན་གྱི་ལོ་རྒྱུས་བརྗོད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་ཡོད་ཀྱི་བོད་ཤེས་རྟོགས་དེ་བས་མང་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
  ད་བར་དུ་ཕྱི་འབྲེལ་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་22དུ་གོ་ལ་ཧྲིལ་བོར་བོད་ལྗོངས་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་ཟིན། 
【1】  【2】
༄༅།།ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ།
༄༅།།ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱེད་སྒོ་སྤེལ།