འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་22ཉིན།

༄༅།།རང་རྒྱལ་གྱིས་བཅའ་ཁྲིམས་བཟོ་བཅོས་བརྒྱབ་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། འཆར་ཟིན་ནང་གཏན་འབེབས་རབ་དང་རིམ་པ་བཟོས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱས་ཡོད།
     ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་འཆར་ཟིན་ནང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་མཁན་གྱིས་རང་གིས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་འཁུར་དགོས་པ་ཁ་གསལ་བཟོས་ནས་ཐོན་སྐྱེད་དང་གཉེར་སྐྱོང་བས་ཡིད་རྟོན་རང་གཅུན་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་བྱེད་པ་དང་། ས་གནས་མི་དམངས་སྲིད་གཞུང་གི་གཏོགས་ཁོངས་དོ་དམ་འགན་འཁྲི་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། མཉམ་ལས་དང་ཕན་འབྲས་ཆེ་བའི་སྤྱི་ཚོགས་མཉམ་བཅོས་ཀྱི་མ་ལག་བཙུགས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ཁྲོད་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་དེས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆ་འཕྲིན་བའི་ལམ་ལུགས་འཛུགས་རྒྱུར་སྐུལ་ལྕག་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཞིང་ལས་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བའི་ཐད། འཆར་ཟིན་ནང་ཞིང་ལས་ཐོན་རྫས་ཐོན་ཁུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་བཙུགས་ནས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁན་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཁས་ལེན་ཚད་ལོན་ལག་ཁྱེར་ཁྲིམས་ལྟར་གཉེར་དགོས་པའི་གཏན་འབེབས་བྱས་པ་མ་ཟད། དེས་བཙོང་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་འཁུར་དགོས། བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་དཀར་ཆག་ནང་བཀོད་པའི་བཟའ་བཅའི་ཞིང་ལས་ཐོན་རྫས་ལ་ཁུངས་འདེད་དོ་དམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུ་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་ཡག་པོ་བྱེད་པ་ཞིག་ཡིན། འཆར་ཟིན་ནང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་ཟུར་བཤེར་བྱེད་པའི་ལས་དོན་ཚད་ལྡན་དུ་བཏང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཐབས་འཐུས་ཚང་དུ་བཏང་བ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་རྒྱུན་གཏན་གྱི་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་མཁན་གྱི་ཡིད་རྟོན་ཐོ་འགོད་ལམ་ལུགས་བཙུགས་པ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་པ། འཕྲལ་སྡོམ་བྱ་ཐབས་འཐུས་ཚང་དུ་བཏང་བ། འབྲེལ་ཡོད་སྡེ་ཚན་གྱི་ཁྲིམས་འཛིན་འབྲེལ་མཐུད་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཡོད་པ་རེད།