འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་22ཉིན།

༄༅།།བོད་ཀྱིས་བྱ་ཐབས་ཁག་18བཏོན་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་གཡས་
གཞོགས་གཡོན་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“དངུལ་བུན་གཏོང་ཕོད་པ་དང་། དངུལ་བུན་གཏོང་འདོད་པ། དངུལ་བུན་གཏོང་ཐུབ་པ། དངུལ་བུན་གཏོང་ཤེས་པ”བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་ཆེད། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས《ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེར་གཏོང་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཏོན་ནས་དངུལ་རྩའི་སྒྲིག་གཞིས་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་ཇུས་གཞིའི》ནང་དངུལ་རྩའི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་ནུས་ཚད་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་དྲ་ཐོག་དང་དྲ་ཕྱིའི་མ་དངུལ་མཉམ་འདྲེས་ཀྱི་འབྲེལ་མཐུད་ལས་ཕྱོད་ཆེར་གཏོང་སོགས་ཕྱོགས་དྲུག་གི་ཐད་ནས་ལས་ཀའི་བྱ་ཐབས་ཁག་བཅོ་བརྒྱད་བཏོན་ཏེ་དངུལ་རྩས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱས་ནས་དམིགས་ཚད་ཁག་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། དངུལ་རྩས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་པ་སྟེ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཞབས་འདེགས་ཞུ་བའི་ནང་ཁུལ་གྱི་སྲིད་ཇུས་བཀོད་སྒྲིག་མུ་མཐུད་ལེགས་སུ་བཏང་ནས“དངུལ་བུན་གཏོང་ཕོད་པ་དང་། དངུལ་བུན་གཏོང་འདོད་པ། དངུལ་བུན་གཏོང་ཐུབ་པ། དངུལ་བུན་གཏོང་ཤེས་པ”བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་གཉེར་སྐྱོང་བྱེད་པོར་ཡིད་རྟོན་དངུལ་བུན“གཏོང་དགོས་རིགས་ཚང་མར་གཏོང་གང་ཐུབ་དང་མྱུར་པོ་གཏོང་དགོས་རིགས་ལ་གང་མགྱོགས་གཏོང”ཐུབ་པར་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ཅུང་མགྱོགས་ཙམ་འཕར་བ་དང་གཉེར་སྐྱོང་རྒྱུན་གཏན་ཡིན་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཀུན་ཕན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་དུས་མཚུངས་ལས་འཕར་ཚད་དེ་དངུལ་བུན་ཁག་གི་དུས་མཚུངས་འཕར་ཚད་ལས་མཐོ་བ་ཡོད་པ་མ་ཟད། 40%ལས་མི་དམའ་བ་དང་། ཡིད་རྟོན་དངུལ་བུན་ལས་ཀུན་ཕན་བྱེད་པོ་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཁྱོན་མུ་མཐུད་ཆེ་རུ་འགྲོ་བ། དངུལ་བུན་དང་པོ་དང་། གཡར་ཡུན་འགྱངས་ཞུ། ཡིད་རྟོན་དངུལ་བུན། བསྡུ་དགོས་ངེས་ཀྱི་རྩིས་ཁྲའི་མ་དངུལ་མཉམ་འདྲེས་སོགས་ཀྱི་ཞབས་ཞུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཕྱོགས་བསྡུས་མ་དངུལ་མཉམ་འདྲེས་ཀྱི་མ་གནས་བརྟན་པོའི་ངང་ཆག་པའི་འགན་ལེན་བྱ་རྒྱུ་རེད།
   དངུལ་རྩའི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་ནུས་ཚད་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། དངུལ་ཁང་དང་ཁེ་ལས་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་ད་ཡོད་ཀྱི་མ་དངུལ་མཉམ་འདྲེས་འབྲེལ་མཐུད་དང་ཡིད་རྟོན་ཆ་འཕྲིན་ལས་སྟེགས་ཀྱི་རྨང་གཞིའི་ཐོག་བོད་ཀྱི་དངུལ་བུན་གཡར་བདེའི་ལས་སྟེགས་དུས་བསྟུན་ངང་གཏོད་པ་དང་། ཚོང་ལས་དངུལ་ཁང་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་སྣ་ཚོགས་སྔོག་འདོན་དང་བསྡུ་སྒྲིལ་གཏིང་ཟབ་བྱ་རྒྱུར་སྐུལ་མ་བཏང་སྟེ་སྤྱོད་མཁན་དབྱེ་འབྱེད་དང་ཡིད་རྟོན་དངུལ་བུན་གཏོང་ནུས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ཆ་འཕྲིན་གཞིར་བཟུང་བའི་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བ། སྲིད་གཞུང་གི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཆ་འཕྲིན་མ་ལག་དེ་བསྡུ་དགོས་ངེས་ཀྱི་རྩིས་ཁྲའི་མ་དངུལ་མཉམ་འདྲེས་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་2021ལོའི་དངུལ་ཁང་ཁག་གི་བསྡུ་དགོས་ངེས་ཀྱི་རྩིས་ཁྲའི་མ་དངུལ་མཉམ་འདྲེས་ཐོན་ཚད་དུས་མཚུངས་ལས་30%འཕར་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་རེད།
   ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་ཡོང་ཁུངས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གྲུབ་ཚུལ་ཅན་གྱི་དངུལ་ལོར་སྲིད་ཇུས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་མིའི་དངུལ་ཁང་གིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཁྱོན་ཡོངས་ནས་ཆག་པ་དང་ཁ་ཕྱོགས་གཏན་འཁེལ་གྱིས་ཆག་པར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་མ་དངུལ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་གཏོང་རྒྱུ་ཡིན་པ་རེད།
    དྲ་ཐོག་དང་དྲ་ཕྱིའི་མ་དངུལ་མཉམ་འདྲེས་ཀྱི་འབྲེལ་མཐུད་ལས་ཕྱོད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། “6+1”གི་མ་དངུལ་མཉམ་འདྲེས་འབྲེལ་མཐུད་ཀྱི་གསལ་ཐོ་དུས་བསྟུན་ངང་ལེགས་སྒྲིག་བྱས་ནས་ཡིད་རྟོན་དངུལ་བུན་དེ་བས་མང་བ་ཚན་རྩལ་གསར་གཏོད་དང་། ལྗང་མདོག རྩེར་སོན་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་དང་། རིག་གནས་དང་། ཡུལ་སྐོར་སོགས་རིམས་ནད་ཀྱིས་རྐྱེན་པས་རྒྱུན་མཐུད་ཤུགས་རྐྱེན་ཐེབས་པའི་ལས་རིགས་དང་ཁེ་ལས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མ་དངུལ་མཉམ་འདྲེས་འབྲེལ་མཐུད་དང་། མ་དངུལ་མཉམ་འདྲེས་འོས་སྦྱོར། ཁེ་ལས་ལ་དགོས་མཁོ་འདྲི་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དངུལ་ཁང་དང་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་འབྲེལ་མཐུད་བྱེད་ཚད་མཐོ་རུ་གཏོང་བ། ལྗོངས་ཡོངས་ཀྱི་སྤྱོད་མཁན་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་མཉམ་འདྲེས་ཞབས་ཞུའི་ལས་སྟེགས་ཀྱི་མ་དངུལ་མཉམ་འདྲེས་འབྲེལ་མཐུད་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།
    དཔྱད་ཞིབ་དང་སྐུལ་མ་གཏོང་བའི་བྱེད་ཐབས་ཁག་གསུམ་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་གྱི་འཆར་གཞི་ལོགས་སུ་བཟོས་ནས་གྲོང་ཁྱེར་དང་རྫོང་ཡན་ལག་ཉིང་ལག་དངུལ་ཁང་ལ་ཞིབ་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་འོས་འཚམ་བྱས་ཏེ་གཞི་རིམ་གྱི་ཡིད་རྟོན་དངུལ་བུན་ལས་སྒོ་གཉེར་མཁན་ལ་ཀུན་ཕན་སྤྱོད་མཁན་ཆུང་གྲས་དང་ཆེས་ཆུང་གྲས་རྒྱ་སྐྱེད་དུ་གཏོང་དགོས་པའི་ལྕག་སྐུལ་བྱེད་པ་དང་། ཀུན་ཕན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་གཏོང་བར་ཧེ་བག་ཅན་གྱི་དཔྱད་ཞིབ་བྱ་ཐབས་ལག་བསྟར་བྱས་ཏེ་ཡན་ལག་ཉིང་ལག་དངུལ་ཁང་གི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་ཁྲོད་ཀྱི་དབང་ཚད་སླར་ཡང་10%ཡན་བར་མཐོ་རུ་གཏོང་བ། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོ་རྒྱུར་སྐུལ་མ་བཏང་སྟེ་ལས་དོན་མི་སྣས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་སྤྲོད་པའི་ལས་སྒོ་ཧུར་ཐག་སྤེལ་རྒྱུའི་སྐུལ་ལྕག་གཏོང་རྒྱུ་ཡིན་པ་རེད།
   དངུལ་རྩས་ཁེ་ལས་ལ་སྟབས་བདེ་དང་དམངས་ལ་ཕན་འདོགས་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དངུལ་བུན་དང་པོའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འཁོར་རྒྱུག་སྒྲིག་སྲོལ་ཁག་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་ལྟེ་གནས་འཁོར་རྒྱུག་དང་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྟབས་བདེའི་དངུལ་བཅོལ་ཐོ་ཁུངས་འཛུགས་པའི་ཞབས་ཞུ་ཁྱབ་སྤེལ་གཏོང་བ་དང་། དངུལ་ཁང་གིས་རྩིས་ཁྲའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁུ་བསྡུ་བྱས་པའི་སྤྱོད་མཁན་གྱི་ཐོབ་ཐང་ཞིབ་བསྡུར་གོ་རིམ་བརྒྱུད་པ། དངུལ་བཅོལ་ཐོ་ཁུངས་འཛུགས་པའི“ཡོངས་བསྒྲགས་གསུམ་དང་རྩ་ཚིག་གཅིག”གི་བླང་བྱ་དོན་འཁྱོལ་བྱས་ཏེ་དངུལ་བཅོལ་ཐོ་ཁུངས་འཛུགས་པའི་ཞབས་ཞུའི་ཚད་གཞི་དང་། དངུལ་བཅོལ་ཐོ་ཁུངས་འཛུགས་པའི་དུས་ཡུན། དངུལ་བཅོལ་ཐོ་ཁུངས་འཛུགས་པའི་གྲོན་དངུལ་བཅས་གཅིག་གྱུར་དཔེ་དབྱིབས་བཟོས་ནས་ཡོངས་བསྒྲགས་དང་རིམ་གསུམ་ཞབས་ཞུའི་ལྟ་སྐུལ་ཁ་པར་ཁྱབ་བསྒྲགས་བྱས་ནས་ཁེ་ལས་ཀྱིས་དངུལ་བཅོལ་ཐོ་ཁུངས་འཛུགས་པར་སྟབས་བདེ་བསྐྲུན་རྒྱུ་རེད།
   དངུལ་རྩའི་ཞབས་ཞུ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཁེ་ལས་བརྟན་པོ་ཡོང་བ་དང་། ལས་ཞུགས་འགན་ལེན། སྒེར་གཉེར་བྱེད་པོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཚོང་ལས་དངུལ་ཁང་གིས་ནང་ཁུལ་གྱི་དོ་དམ་ལམ་སྲོལ་ལེགས་སུ་གཏོང་བ་དང་ལས་རིགས་དབྱེ་ཞིབ་དང་ཉེན་ཁའི་དཔྱད་དཔོག་ནུས་པ་སྐྱེད་སྲིང་བྱེད་པ། དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ། མངོན་མེད་ཀྱི་གོ་ཆོད་སྤྱོད་མཁན་འཚོལ་རྙེད་གང་ལེགས་བྱེད་པ། བརྡ་ལན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་འགྲོ་ལུགས་སྒྲུབ་གཉེར་སྟབས་བདེ་རུ་གཏོང་བ། ཧེ་བག་ཅན་གྱི་རྒྱབ་སྐྱོར་བཅས་བྱེད་པར་སྐུལ་མ་གཏོང་རྒྱུ་རེད། ཁོངས་གཏོགས་ཁུལ་གྱི་ཆ་རྐྱེན་དང་འཚམ་པའི་ཁེ་ལས་ཀྱི་བུན་འཛིན་འགྲེམས་སྤེལ་གྱི་དགོས་མཁོ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ཁེ་ལས་ལ་ལུགས་མཐུན་ངང་མ་དངུལ་མཉམ་འདྲེས་ཀྱི་ཇུས་གཞི་བཟོ་རོགས་བྱ་རྒྱུ་རེད།