འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།མགོ་སྐོར་གཡོ་ལེན་གྱི་དོགས་གནད་ལྡན་པའི་གྲོང་གསེབ་སྨན་པ་བཀག་ཉར་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མགོ་སྐོར་གཡོ་ལེན་གྱི་དོགས་གནད་ལྡན་པའི་གྲོང་གསེབ་སྨན་པ་བཀག་ཉར་བྱས།
     མི་དམངས་དྲ་བའི་འཕྲིན། ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་ཏན་རྫོང་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཟླ་10ཚེས་20ཉིན་བརྡ་ཁྱབ་བཏང་ནས་ཟླ་10ཚེས་19ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཏན་རྫོང་དུ་བཅའ་སྡོད་བྱས་ནས་སྨྱན་སྦྱོར་ཚན་པས་དམར་རྗེན་དུ་བཏོན་པའི་འབྲེལ་ཡོད་གནད་དོན་ཡུལ་དངོས་སུ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་མ་ཟད། གྱོད་གཞི་འདི་དཔྱད་གཞི་འཛིན་སར་བྱས་ནས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཟང་ཟིང་གི་སྣང་ཚུལ་ངན་པ་དང་སྨན་བཅོས་འགན་སྲུང་མགོ་སྐོར་གཡོ་ལེན་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
     མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། 2016ལོ་ནས་2019ལོའི་བར་ཏན་རྫོང་གཞི་རིམ་འཕྲོད་བསྟེན་ཁང་གིས་ནད་ལྟ་སྐབས“ཏན་རྫོང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དོ་དམ་ཆ་འཕྲིན་མ་ལག”སྤྱོད་དགོས་ཤིང། བཀོལ་སྤྱོད་བྱེད་སྟངས་གཞིར་བཟུང་། གྲོང་ཚོའི་སྨན་པས་སྔོན་ལ་ནད་གཞིའི་ཆ་འཕྲིན་ཐོ་འགོད་བྱས་མཐར་གཞི་ནས་སྨན་ཤོག་འབྲི་ཆོག་པ་དང་།ནད་གཞིའི་ཆ་འཕྲིན་ཕབ་འཇུག་བྱེད་སྐབས་ནད་གཞིའི་ཨང་རྟགས་སམ་ནད་གཞིའི་མིང་གི་སྒྲ་སྦྱོར་ཡི་གེ་དང་པོ་ཕབ་འཇུག་བྱེད་ཐབས་གཉིས་པོ་བཀོལ་ཆོག་གི་ཡོད། གྲོང་ཚོའི་སྨན་པ་ཀྲུའུ་ཆེ་གེ་མོས་བཀོལ་སྤྱོད་ཚད་གཞི་ལྟར་ཡང་དག་པའི་ནད་རིགས་ཀྱི་མིང་ཇི་མ་ཇི་བཞིན་དུ་ཕབ་འཇུག་མ་བྱས་པར། དུས་ཚོད་གྲོན་ཆུང་དང་བྱ་བ་ཇེ་ཉུང་གཏོང་ཆེད། མཐེབ་གཞོང་སྟེང་གི་སྟོང་མཐེབ་ཐེངས་གཉིས་གནོན་ཐབས་སྤྱད་དེ། ནད་ཀྱི་ཨང་རྟགས་“0001”གི་“ཀླད་སྐྲིན་”ཞེས་པར་ཐད་ཀར་ངོས་ལེན་བྱས་ཏེ་ནད་རིགས་ཀྱི་ཆ་འཕྲིན་གྲུབ་ཏུ་བཅུག་པས། གྲོང་མི་མང་པོ་ཞིག་ལ“ཀླད་སྐྲིན”ཕོག་ཏུ་བཅུག མིག་སྔར་རྩད་ཆོད་མཐའ་གསལ་བྱུང་བའི་ནོར་འཁྲུལ་གྱི་ཆ་འཕྲིན་ཡོ་བསྲང་བྱས་ཡོད། 
     མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཞིབ་བཤེར་བྱས་པར་གཞིགས་ན། གྲོང་ཚོའི་སྨན་པ་ཀྲུའུ་ཆེ་གེ་མོས་ཁེ་ཕན་ལ་འདོད་པ་དང་སྨན་བཅོས་ཟིན་ཐོ་རྫུན་མར་བརྟེན་ནས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་གཅིག་གྱུར་འཆར་འགོད་དངུལ་གཡོ་ལེན་བྱེད་སྤྱོད་གནས་ཡོད་ཅིང་། སྨན་བཅོས་ཐོ་འགོད་རྫུན་ཞུ་ཐེངས་གཅིག་བྱས་ཚེ།བརྟག་བཅོས་འགྲོ་གྲོན་སྒོར་5གཡོ་ལེན་བྱེད་ཆོག་གི་ཡོད་པ་རེད། 2016ལོའི་ཟླ་1པོ་ནས་2021ལོའི་ཟླ་9པའི་བར་གྱི་ལོ་དྲུག་ཙམ་ནང་འཕྲོད་བསྟེན་ཁང་དེས་ཁྱོན་བརྟག་བཅོས་ཟིན་ཐོ་49633བཀོད་པ་དང་།དེ་དང་འབྲེལ་ཡོད་དངུལ་འབོར་སྒོར་564395.29ཡོད་ཅིང་། དངོས་སུ་རྩིས་ཞུ་བྱས་པའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་མ་དངུལ་སྒོར་376968.03(དེའི་ནང་བརྟག་བཅོས་སྨན་རིན་སྒོར་248165དང་སྨན་རྫས་སྒོར་128803.03ཚུད་པ)ཟིན་ཡོད་པ་རེད། དེའི་ནང་ནས་བརྟག་བཅོས་འགྲོ་གྲོན་ཆེ་ཤོས་སྒོར་50.2ཡིན་པ་དང་དངོས་སུ་འགྲོ་སོང་སྒོར་27.1རྩིས་ཞུ་བྱས་པ། སྨན་རིན་དམའ་ཤོས་སྒོར་1.84ཡིན་པ་དང་དངོས་སུ་འགྲོ་སོང་སྒོར་0.92རྩིས་ཞུ་བྱས་པ། མིག་སྔར་ཏན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་མི་སྒེར་གྱི་ཆ་འཕྲིན་རྫུན་སྤྱོད་དང་སྨན་བཅོས་རྫུན་ཞུ་བྱས་ནས་ཐོབ་པའི་ཁྲིམས་འགལ་ཡོང་འབབ་ལ་རེ་རེ་བཞིན་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད། 
     ཟླ་10ཚེས་19ཉིན། ཏན་རྫོང་སྤྱི་བདེ་ཅུས་ཀྱིས་བརྟག་དཔྱད་ཀྱི་དོན་དངོས་ལ་གཞིགས་ནས་མགོ་སྐོར་གཡོ་ལེན་དོགས་ཡོད་གྲོང་གསེབ་ཀྱི་སྨན་པ་ཀྲུའུ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་ཚོགས་ཆུང་འཕྲོད་བདེ་དང་སྨན་བཅོས་འགན་སྲུང་སོགས་ཚན་པར་བཅའ་སྡོད་བྱས་ནས་བརྟག་དཔྱད་ལས་དོན་སྤེལ་ཏེ་འགན་འཛོལ་ཤོར་བ་སོགས་ཀྱི་གནད་དོན་ཤེས་རྟོགས་ཐུབ་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རྫོང་ཡོངས་སུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་བཅོས་སྒྲིག་དང་སྨན་བཅོས་འགན་བཅོལ་གྲོན་དངུལ་མགོ་སྐོར་གཡོ་ལེན་བྱེད་རིགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་སྨན་བཅོས་བྱ་སྤྱོད་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་དོ་དམ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱ་དགོས། འབྲེལ་ཡོད་ཞིབ་བཤེར་དང་བརྟག་དཔྱད་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།