འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་20ཉིན།

༄༅།།ཀན་སུའུ་ས་ཁུལ་བཞི་ཡིས་རིག་གནས་ཡུལ་སྐོར་བྱེད་མཚམས་བཞག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་20ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་19ཉིན་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཐེངས་འདིའི་རིམས་ནད་ལ་ཁ་གཏད་འཇལ་ཆེད། ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་བསྟུན་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ། ལན་ཀྲོའུ་དང་། ཅིའུ་ཆོན། ཅ་ཡུས་ཀོན། ཀྲང་ཡེ་བཅས་ས་ཁུལ་བཞིའི་རིག་གནས་ཡུལ་སྐོར་གཉེར་སྐྱོང་བྱེད་གནས་དང་གཉེར་སྐྱོང་བྱེད་སྒོ་འཕྲལ་མར་སྒོ་བརྒྱབ་ནས་འཁྲབ་སྟོན་དང་འགྲེམས་སྟོན། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་མེད་པར་བཟོས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་གིས་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ལས་སྒོ་མཚམས་བཞག
     རིམ་པ་Aཡི་མཛེས་ལྗོངས་ཁུལ་ཁག་ལ་དམིགས་ཏེ་ཀན་སུའུ་ཞིང་ཆེན་གྱིས་“ཚད་བཀག  ཁ་ཆད། འཚང་གཡོལ་”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཡུལ་སྐོར་བ་སྣེ་ལེན་བྱེད་པའི་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། འཛིན་བྱང་ཁ་ཆད་བྱེད་དགོས་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། མཛེས་ལྗོངས་ཁུལ་ནང་མ་སོང་སྔོན་ལ་ཨང་བཤེར་ཐོ་འགོད་དང་། ལུས་དྲོད་འཇལ་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་པ། ཡུལ་སྐོར་པར་སྨི་གཅིག་གི་བར་ཐག་རྒྱུན་འཁྱོངས་དང་ཁ་ཐུམ་རྒྱག་པའི་སྐུལ་མ་བྱེད་དགོས། མཛེས་ལྗོངས་ཁུལ་ནང་མི་སྣ་འདུ་འཛོམས་བྱེད་སླ་བའི་འཁྲབ་སྟོན་སོགས་ཀྱི་རྣམ་གྲངས་དང་གཙོ་གནད་ས་ཆར་འཕྲོད་བསྟེན་དོ་དམ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཚོགས་ཁྲིད་སྟོན་དང་ལམ་སྟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། སྤྱི་པའི་དཔེ་མཛོད་ཁང་སོགས་ཀྱི་བར་སྟོང་བལྟོས་བཅས་ཀྱི་འཚང་ས་ཡིན་པས། ཀན་སུའུ་ཞིང་ཆེན་གྱིས་འཕྲོད་བསྟེན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རླུང་རྒྱུ་དུག་སེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ནང་དུ་འཛུལ་བའི་མི་སྣར་ཨང་བཤེར་དང་། དྲོད་ཚད་འཇལ་བ། ཐོ་འགོད་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་ཞུགས་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་སོགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།
     དེ་སྔོན། ཧྲའན་ཞི་ཞིང་ཆེན་གྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་ཡུལ་སྐོར་བ་2ཀྲང་ཡེ་དང་ཅིའུ་ཆོན། ཅ་ཡུས་ཀོན་སོགས་སུ་ལྟ་སྐོར་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཀན་སུའུ་ཞིང་ཆེན་གྱིས་འཕྲལ་མར་མི་སྣ་གྲལ་བཤེར་དང་། འབྲེལ་ཐུག་དམ་ཟབ་ཡོད་མཁན་རྩད་ཞིབ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། ཁོར་ཡུག་ལ་དུག་སེལ་སོགས་ཀྱི་ལས་དོན་སྤེལ་བ་རེད། ཚེས་19ཉིན་ལན་ཀྲོའུ་རུ་ཏོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་གདགས་གཤིས་ཡིན་པའི་མི་6གསར་སྣོན་བྱས་པ་དང་ཁྲེང་ཀོན་ཆུས་ཀྱི་ཁུལ་ཆུང་གཉིས་ཉེན་ཁ་འབྲིང་བའི་ཁུལ་དུ་ལེགས་སྒྲིག་བྱས་པ་རེད།