འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་20ཉིན།

༄༅།།བོད་ཀྱི་ལུས་རྩལ་པར་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སུ་གཟེངས་བསྟོད་རྟགས་མ་
ཐོབ་མྱོང་མེད་པའི་སྟོང་ཆ་བསྐངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཤིས་ཨན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཧྲའན་ཤིས་ཞིང་ཆེན་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་སུ་འགྲན་འགོ་ཚུགས་པ་རེད། བོད་ཀྱི་ལུས་རྩལ་པ་སྤེན་པ་སྒྲོལ་མ་དང་རུ་མི་ཚོས་མཉམ་ཤུགས་མཉམ་འདོན་བྱས་པ་བརྒྱུད། PR3རིམ་པའི་སྨི་2000ཟིན་པའི་བུད་མེད་ཆ་སྒྲིག་གི་སྐྱ་བ་རྐྱང་པའི་རྣམ་གྲངས་ལ་དངུལ་གྱི་རྟགས་མ་ཐོབ་པ་རེད། དེ་ནི་བོད་ཀྱི་དབང་སྐྱོན་ལུས་རྩལ་པར་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ཐོབ་པའི་གཟེངས་བསྟོད་རྟགས་མ་དང་པོ་ཡིན་པ་དེས་བོད་ཀྱི་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ལ་གཟེངས་བསྟོད་རྟགས་མ་ཐོབ་མྱོང་མེད་པའི་སྟོང་ཆ་བསྐངས་པ་རེད།
    ལོ་18ཡིན་པའི་སྤེན་པ་སྒྲོལ་མ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ནས་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཞིག་རེད། “ངའི་རྩལ་འཁྲིད་པ་དང་རུ་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འགྲན་བསྡུར་ལ་རྣམ་ཀུན་སྦྱོང་བརྡར་བྱེད་སྐབས་ཀྱི་ཆུ་ཚད་ཡག་ཤོས་འདོན་ཐུབ་སོང་། བྱ་དགའ་རག་གི་རེད་སྙམ་མ་བྱུང་། ཧ་ཅང་དགའ་པོ་འདུག་ལ་སྤོབས་པའང་སྐྱེ་གི་འདུག”ཅེས་སྤེན་པ་སྒྲོལ་མས་བཤད།
    དབང་པོ་སྐྱོན་ཅན་གྱི་གྲུ་ཆུང་འགྲན་བསྡུར་གྱི་སྒྲིག་སྲོལ་ནི་དབང་སྐྱོན་མ་ཡིན་པའི་གྲུ་ཆུང་འགྲན་བསྡུར་གྱི་སྒྲིག་སྲོལ་དང་གཅིག་པ་ཡིན་མོད། འོན་ཀྱང་དབང་པོ་སྐྱོན་ཅན་རང་ངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དབང་སྐྱོན་མ་ཡིན་པའི་གྲུ་ཆུང་འགྲན་བསྡུར་གྱི་རྨང་གཞིའི་ཐོག་བཟོ་བཅོས་བརྒྱབ་སྟེ་དབང་པོ་སྐྱོན་ཅན་ལ་འཚམ་པའི་ཐོགས་མེད་སྒྲིག་བཀོད་དང་ཞོར་གཏོགས་སྒྲིག་ཆས་འཇོག་དགོས་ཀྱི་ཡོད།