འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།ཕྱི་འབྲེལ་པུས་ལྗར་པན་གྱིས་དམག་རྒྱལ་རིང་ལུགས་དང་རྦད་དེ་བྲལ་ཐབས་བྱ་དགོས་ཞེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་གིས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པར་དམིགས་ནས་ཚེས་18ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ལྗར་པན་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད། ལྗར་པན་ཕྱོགས་ཀྱིས་ལྟ་སྟངས་ཡང་དག་འཛིན་པ་དང་འབྲེལ་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱེད་པའི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་ཏན་ཏིག་བྱས་ནས་རྒྱལ་བདེ་ལྷ་ཁང་སོགས་ལོ་རྒྱུས་ཀྱི་གནད་དོན་ཐད་གཏམ་སྤྱོད་སྤེལ་ཚེ་གཟབ་ནན་བྱ་དགོས་པ་དང་། དམག་རྒྱལ་རིང་ལུགས་དང་རྦད་དེ་བྲལ་ཐབས་བྱེད་དགོས། 
     ཀྲའོ་ལི་ཅན་གྱིས་རྒྱལ་བདེ་ལྷ་ཁང་ནི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་ཡིན་ཞིང་། དེར་སྡིག་ཉེས་ཆེན་པོ་བསགས་པའི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རིམ་གྲས་དང་པོའི་དམག་འཁྲུག་གི་ཉེས་ཅན་14ཡི་གདུང་བྱང་བཞག་ཡོད། ལྗར་པན་ཕྱོགས་ཀྱིས་རྒྱལ་བདེ་ལྷ་ཁང་གི་གནད་དོན་ཐད་ཀྱི་ལྡོག་ཕྱོགས་ཀྱི་བྱེད་སྤྱོད་ཐོག་ནས་ལྗར་པན་ཕྱོགས་ཀྱིས་རང་ངོས་ཀྱི་བཙན་འཛུལ་ལོ་རྒྱུས་ལ་འཛིན་པའི་ནོར་འཁྲུལ་གྱི་རྣམ་འགྱུར་སླར་ཡང་མངོན་ཡོད། 
     “ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ལྗར་པན་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད། ལྗར་པན་ཕྱོགས་ཀྱིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྲེལ་རང་སྐྱོན་རང་བརྟག་བྱེད་པའི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་ཏན་ཏིག་བྱས་ནས་རྒྱལ་བདེ་ལྷ་ཁང་སོགས་ལོ་རྒྱུས་ཀྱི་གནད་དོན་ཐད་གཏམ་སྤྱོད་སྤྱོད་ཚེ་གཟབ་ནན་བྱེད་དགོས་པ་དང་དམག་རྒྱལ་རིང་ལུགས་དང་རྦད་དེ་བྲལ་ཐབས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་འཐོབ་པ་བྱེད་དགོས”ཞེས་ཁོང་གིས་དེ་ལྟར་བཤད་པ་རེད།