འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།2021ལོའི་བོད་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་
འཁོར་ཚེས་19ཉིན་ནས་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་དང“གཉིས་གཏོད”ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། 2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་ཟླ་10ཚེས་19ནས་25ཉིན་བར་སྤེལ་རྒྱུ་ཡིན་པ་རེད། སྐབས་འདིའི་བྱེད་སྒོའི་གཟའ་འཁོར་གྱིས“སྤུས་ཚད་མཐོ་བའི་གསར་གཏོད་གསར་རྩོམ་དང་། ཆུ་ཚད་མཐོ་བའི་ལས་གཏོད་ལས་ཞུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ཟླ་འདིའི་ཚེས་19ཉིན་ཆབ་མདོ་གྲོང་ཁྱེར་དུ་བཙུགས་པའི་ཚོགས་ར་གཙོ་བོར་དྲ་སྦྲེལ་འབྲེལ་མཐུད་བྱས་ནས་རྒྱལ་ཁབ་ཀྱི་འགོ་ཚུགས་མཛད་སྒོར་ལྟ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ཡན་ལག་ཚོགས་རའི་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་མ་ཟད། ཆབ་མདོ་གྲོང་ཁྱེར“གཉིས་གཏོད”གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་ཡང་བྱ་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བྱེད་སྒོའི་གཟའ་འཁོར་སྤེལ་རིང་། ལྗོངས་ཡོངས་ཀྱིས་དྲ་ཐོག་འགྲེམས་སྟོན་དང་དྲ་ཕྱིའི་འགྲེམས་སྟོན་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི“དྲ་ཐོག་བྱེད་སྒོའི་གཟའ་འཁོར”གྱི་དྲ་རྒྱའི་ལས་སྟེགས་གང་ལེགས་སྤྱད་ནས་བྱེད་སྒོའི་རྣམ་པ་སྔར་བས་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། རང་ལྗོངས་ཀྱི“གཉིས་གཏོད”ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་དང་ཆབས་ཅིག འབྲེལ་ཡོད་ཐིང་དང་ཅུས་དང་གྲོང་ཁྱེར(ས་ཁུལ)ཁག་སྒྲིག་འཛུགས་བྱས་ནས་དྲ་ཕྱིའི་བྱེད་སྒོ་སྤེལ་ཏེ་རྣམ་པ་བཟང་པོ་གཏོད་རྒྱུ་རེད། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྤེལ་ཟིན་པའི་འབྲེལ་ཡོད་གྲ་སྒྲིག་བྱེད་སྒོ་15ཡི་རྨང་གཞིའི་ཐོག་རང་ལྗོངས་ཀྱིས་སྐབས་འདིའི་བྱེད་སྒོའི་གཟའ་འཁོར་རིང་། མངོན་འགྱུར་བའི་གླེང་སྟེགས་བྱེད་སྒོ་དང་། ལས་གཏོད་གསར་གཏོད་ཀྱི་ཡོངས་བསྒྲགས་སློབ་ཚན། “གཉིས་གཏོད”གྲུབ་འབྲས་འགྲེམས་སྟོན། “གཉིས་གཏོད”བརྗོད་དོན་གཙོ་བོའི་གླེང་སྟེགས་སོགས་ཆེད་དོན་བྱེད་སྒོ་ཁག་8སྤེལ་རྒྱུ་ཡིན་པ་རེད།