འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་13ཉིན།

༄༅།།བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་དེར་ཁྲིམས་ཆད་བཅད་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་དེར་ཁྲིམས་ཆད་བཅད་ཡོད།
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན། ཧང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཝུའུ་ཡུའེ་རྒྱལ་པོ་ཆན་ལིའུ་ཡི་བང་སོ་བསྔོགས་བཅོམ་བྱས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཞུ་སྦྱོར་ཕྱི་མ་ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་ཀྱིས་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་ཉེས་པ་བསགས་པས་ཚེ་བཙོན་གྱི་ཉེས་ཆད་བཅད་ནས་ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་དང་ཞུ་སྦྱོར་ཕྱི་མ་གཉིས་ཀྱི་ཁྲིམས་འགལ་ཐོབ་ཆའི་ཁྲལ་དངུལ་སྙེག་བསྡུ་བྱས་ནས་གཞུང་བཞེས་བཏང་བ་རེད། 
     ཧང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་རྩད་ཆོད་པ་ལྟར་ན། 2019ལོའི་ཟླ་4པའི་ཟླ་མཇུག་ཏུ་ཞུ་སྦྱོར་ཕྱི་མ་བ་ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་ཀྱིས་དྲ་ཐོག་འབྲེལ་གཏུག་བརྒྱུད་བང་སོ་བསྔོགས་བཅོམ་བྱ་རྒྱུའི་ངན་ཇུས་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ལིན་ཨན་ཝུའུ་ཡུའེ་རྒྱལ་པོའི་བང་སོ་བསྔོགས་བཅོམ་དམིགས་འབེན་དུ་བདམས་པ་རེད། ལོ་དེའི་ཟླ་5པའི་ཟླ་འགོར། ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་ཧྥུ་ཅན་ནས་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཁུལ་དུ་ཡོང་ནས། བང་སོ་བསྔོགས་བཅོམ་གྱི་དམིགས་ཡུལ་ཁུལ་ལ་སྔོན་ནས་བལྟས་པ་མ་ཟད།   ལིན་ཨན་ཁུལ་གྱི་བོགས་ལེན་ཁང་སྡོད་སར་བྱས་པ་མ་ཟད། བང་སོ་བསྔོགས་འདོན་ཡོ་བྱད་ཀྱང་ཉོས་པ་རེད། ཁོ་གཉིས་ཀྱིས་ཉིན་མོ་སྦེད་ཅིང་མཚན་མོ་ཐོན་པ་དང་། གྱང་ཐོག་ཏུ་འཛེག་པ། ལག་ཆས་ཀྱིས་དུང་བརྐོས་སོགས་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཡུའེ་རྒྱལ་པོའི་བང་སོ་བསྔོགས་ནས་རྩ་ཆེའི་རིག་དངོས་འབོར་ཆེན་བརྐུས་པ་རེད། རྗེས་སུ་ལིའུ་ཏན་(གྱོད་གཞི་གཞན་ཞིག་གིས་ཐག་གཅོད་བྱས)སོགས་བརྒྱུད་དེ་བརྐུས་རྫས་བཙོང་ནས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་པ་མ་ཟད་བགོ་བཤའ་ཡང་བརྒྱབ་ཡོད་པ་རེད། གྱོད་གཞི་ཐོན་རྗེས་བརྐུས་པའི་རིག་དངོས་ཚང་མ་ཚུར་བླངས་ཐུབ་ཡོད། 2020ལོའི་ཟླ་5ཚེས་23ཉིན་ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཅང་མིང་ལེ་དང་ལི་ཁྲང་ཝུའེ་ཡི་ཁྲིམས་འགལ་གྱི་སྒོར་མོ་དང་བརྐུས་རྫས་ཁག་གཅིག་བཀག་བཅད་དང་བཙན་ཉར་བཅས་བྱས་པ་རེད།
     ཟླ་8པའི་ཚེས་23ཉིན་གྱོད་དོན་དེར་དམིགས་ནས་ཁྲིམས་ར་མ་འཚོགས་གོང་གི་ཚོགས་འདུ་འཚོགས་ཡོད། ཚེས་12ཉིན་གྱི་རྒྱང་ཁྲིད་བརྙན་ལམ་ཐོག་ནས་ཁྲིམས་རའི་འདྲི་གཅོད་བྱེད་རིང་ཁྲིམས་རས་ཞུ་སྦྱོར་ཕྱི་མ་བའི་གཏུག་བཤེར་དབང་ཆ་ཁག་ལ་འགན་ལེན་གང་ལེགས་བྱས་པ་དང་དག་འབུད་བྱེད་མཁན་གྱིས་ཁྲིམས་ལྟར་དག་འབུད་བྱས་པ་རེད། ཞུ་སྦྱོར་ཕྱི་མ་ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་ཀྱིས་ཞུ་གཏུག་གི་དོན་དངོས་དང་ཉེས་མིང་ལ་བསམ་འཆར་མི་མཐུན་པ་མེད་མོད། ཅང་མིང་ལེ་ཡིས་ཁྲིམས་འགལ་རྒྱུ་ནོར་བགོ་གྲངས་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཁག་གཅིག་ཐག་གཅོད་བྱས་པའི་ཐད་བསམ་འཆར་མི་འདྲ་བ་བཏོན་པ་དང་། ཅང་མིང་ལེའི་དག་འབུད་བྱེད་མཁན་གྱིས་ཅང་མིང་ལེ་ཡི་རང་སྣང་ངན་ཚབས་དེ་ཙམ་མེད་པའི་ངོས་འཛིན་བྱས་པ་དང་། ལི་ཁྲང་ཝུའེ་ཡི་དག་འབུད་བྱེད་མཁན་གྱིས་ལི་ཁྲང་ཝུའེ་ཡི་ནུས་པ་བལྟོས་བཅས་ཀྱིས་ཆུང་ཙམ་ཡིན་པའི་ངོས་འཛིན་བྱས་པ། དག་འབུད་བྱེད་མཁན་གཉིས་པོས་གྱོད་འབྲེལ་རིག་དངོས་ཚང་མ་ཚུར་བླངས་ཟིན་པ་དང་ཞུ་སྦྱོར་ཕྱི་མ་གཉིས་པོས་སྦ་གསང་མེད་པར་ངོས་ལེན་བྱས་པ་མ་ཟད། རང་མོས་ངང་ཉེས་པ་ངོས་ལེན་བྱས་པ་སོགས་པའི་རྐྱེན་གྱིས་ཆད་པ་ཡང་དུ་གཅོད་དགོས་པའི་རེ་བ་བཏོན་པ་རེད། ཞུ་སྦྱོར་ཕྱི་མ་གཉིས་ཀྱིས་མཐའ་མའི་གསལ་བཤད་ཀྱི་དུས་རིམ་དུ་རང་ཉེས་ངོས་ལེན་ཞུས་པ་རེད།
     ཧང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཅང་མིང་ལེ་དང་ལི་ཁྲང་ཝུའེ་གཉིས་ཀྱིས་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་པས་དེ་དག་གི་བྱ་སྤྱོད་ཚང་མ་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་ཉེས་ཚད་ལོན་པ་དང་།བསྔགས་བཅོལ་བྱ་རྒྱུ་དེའང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པའི་གནའ་བོའི་བང་སོ་ཡིན་པ་དང་རྩ་ཆེའི་རིག་དངོས་འབོར་ཆེན་བརྐུས་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད། ཅང་མིང་ལེ་དང་ལི་ཁྲང་ཝུའེ་ཡིས་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་པའི་ཉེས་པ་ཚབས་ཤིན་ཏུ་ཆེ་བ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་ཡོད་པས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། ཞུ་སྦྱོར་ཕྱི་མ་གཉིས་ཁྲིམས་འོག་ཏུ་ཚུད་རྗེས་སྡིག་ཉེས་ངོས་ལེན་ཞུས་པ་དང་འབྲེལ་རང་ཉེས་ངོས་ལེན་ཞུས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་བརྐུས་ནོར་ཚུར་ལེན་བྱས་པ་བརྒྱུད་གྱོད་གཞི་འདིའི་ནང་གི་བརྐུས་པའི་རིག་དངོས་ཚུར་བླངས་ནའང་དེ་ཞུ་སྦྱོར་ཕྱི་མ་གཉིས་ལ་ཆད་པ་ཡང་མོ་གཅོད་པའི་རྒྱུ་མཚན་དེ་ཙམ་བྱེད་མི་ཐུབ་པས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་ཆད་བཅད་ཡོད།
     དཔྱད་གཞི་ལས་མངོན་པར། ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་སུ་གནས་པའི་ཆན་ལིའུ་ཡི་བང་སོ་ནི་ཀྲེ་ཅང་ཁོངས་ཉར་ཚགས་ཆ་ཚང་ཐུབ་པའི་རྒྱལ་པོའི་བང་སོ་ཞིག་ཡིན་པའི་ངོས་འཛིན་བྱུང་ཡོད།
     དེ་སྔོན་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་བརྡ་ཁྱབ་ལས་མངོན་པར། 2020ལོའི་ཟླ་3པར་ཉེན་རྟོག་ཕྱོགས་ཀྱིས་ལས་ཀའི་ཁྲོད་གྱོད་གཞི་དེ་དང་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་ཐུབ་ནས་མྱུལ་ཞིབ་བྱེད་འགོ་བཙུགས་པ་རེད། ལོ་དེའི་ཟླ་5ཚེས་23ཉིན་ཉེན་རྟོག་ཕྱོགས་ཀྱིས་ཀོང་ཀྲོའུ་རུ་རིག་དངོས་ལོག་ཚོང་རྒྱག་པར་འགྲོ་བའི་ཉེས་གསོག་དོགས་ཅན་འཛིན་བཟུང་བྱས་ཏེ་ས་དེ་གར་གསེར་དང་གཡང་ཊིའི་སྐེ་རགས་དང་གནའ་བོའི་རལ་གྲི་སོགས་རྩ་ཆེའི་རིག་དངོས་རྩད་ཆོད་པ་དག་ཉེས་གསོག་དོགས་ཅན་གྱིས་ལིའུ་ཡི་བང་སོ་ནས་བསྔོགས་བཅོམ་བྱས་པ་ངོས་ལེན་བྱས།
     གྱོད་གཞི་ཐོན་རྗེས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལིན་ཨན་གྱི་གྱོད་གཞི་ཐོན་ཡུལ་དུ་རྩད་ཞིབ་བྱེད་པར་བསྐྱོད་དེ་ཆན་ལིའུ་བང་སོའི་གཏོར་སྐྱོན་ཕོག་ཚུལ་ལ་དཔྱད་དཔོག་དང་དབྱེ་ཞིབ་བྱས་པ་རེད། སྤྱི་ཡོངས་ནས་བལྟས་ཚེ་དུར་ཁང་གི་གྲུབ་ཆའི་རང་བཞིན་དང་འཐུས་ཚང་རང་བཞིན་ཡག་པོ་ཡོད། 2020ལོའི་ཟླ་12པར་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲོའུ་གྲོང་ཁྱེར་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཆན་ལིའུ་ཡི་བང་སོ་ཡོངས་ལ་ཉམས་གསོ་བྱས་པ་རེད།  
     ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར། ཧང་ཀྲུའུ་གྲོང་ཁྱེར་ལིན་ཨན་ཆུས་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་གྱོད་གཞིའི་ཞུ་སྦྱོར་ཕྱི་མ་བ་ཐང་ཏུང་དང་ལིའུ་ཏན་སོགས་མི་བཅུ་ཡིས་རིག་དངོས་ལོག་ཚོང་དང་། བསྙད་འདོགས་རྒྱུ་འཕྲོག གཡོ་འགེབས་དང་སྦས་གསང་བཅས་བྱས་ནས་བྱུང་བའི་གྱོད་གཞིར་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་མ་ཟད་ཁྲིམས་རར་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཤིང་། ཐང་ཏུང་དང་ལིའུ་ཏན་སོགས་མི་བཅུ་སོ་སོར་དུས་བཙོན་ལོ་བཅུ་གཅིག་དང་ཟླ་བཅུ་ནས་ལོ་གསུམ་བར་མི་འདྲ་བ་བཅད་པ་མ་ཟད། དངུལ་ཆད་ཀྱང་བཅད་ནས་ཞུ་སྦྱོར་ཕྱི་མ་སོ་སོའི་ཁྲིམས་འགལ་གྱི་ཐོབ་ཆའི་ཁྲལ་དངུལ་སྙེག་བསྡུ་བྱས་ནས་གཞུང་བཞེས་བཏང་བ་རེད།
༄༅།།བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་དེར་ཁྲིམས་ཆད་བཅད་ཡོད།