འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་13ཉིན།

༄༅།།མེས་རྒྱལ་རྦད་དེ་གཅིག་གྱུར་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་གཟི་བརྗིད་ལྡན་པའི་རླབས་ཆེན་བྱ་གཞག་མཉམ་དུ་གཏོད་དགོས།

—— ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “ཐའེ་ཝན་གྱི་གནད་དོན་དེ་མི་རིགས་ཉམས་ཞན་ཟང་ཟིང་ལས་ཐོན་པ་ཞིག་ཡིན་པས། མི་རིགས་བསྐྱར་དར་དང་བསྟུན་ནས་ཐག་གཅོད་བྱེད་ངེས་ཡིན། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་འཕེལ་ཕྱོགས་ཆེན་པོས་གཏན་འཁེལ་བྱས་པ་ཞིག་ཡིན་ལ། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདོད་བློ་ཡང་ཡིན”ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གཏིང་ཟབ་གནང་ནས“ངོགས་གཉིས་ཀྱི་སྤུན་ཟླ་ཚང་མས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ་ཐུན་མོང་ཐོག་མེས་རྒྱལ་རྦད་དེ་གཅིག་གྱུར་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་གཟི་བརྗིད་ལྡན་པའི་རླབས་ཆེན་བྱ་གཞག་མཉམ་དུ་གཏོད་དགོས”ཞེས་བསྟན་གནང་བ་མ་ཟད། “མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ་མངོན་འགྱུར་ཡང་བྱེད་ཐུབ་ངེས་ཡིན”ཞེས་ནན་བཤད་ཀྱང་གནང་ཡོད།
     མི་རིགས་བསྐྱར་དར་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱེད་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་། བདེན་དོན་གནས་ས། དམངས་སེམས་གཏད་ཕྱོགས་བཅས་ཡིན། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་སྟེ་དར་ཆ་གསལ་སྟོན་ངང་རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་ཁ་ཕྲལ་གཏོང་བའི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་གནང་ཡོད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས“ཀྲུང་གོ་ནི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རང་རྒྱལ་གྱི་ལོ་རྒྱུས་འདུ་ཤེས་ཁྲོད་བྲག་ལྟར་བརྟན་པོར་བཙུགས་ཡོད། འདུ་ཤེས་དེ་ལྟར་ཡོད་པའི་དབང་གིས་ང་ཚོ་རྒྱལ་ཁབ་ཅིག་གི་ངོས་ནས་ཉམས་པ་མེད་པར་གནས་ཡོད”ཅེས་གསུངས་ཡོད། ཁོང་གིས“‘གཅིག་གྱུར’ནི་ཀྲུང་གོའི་རྒྱལ་དམངས་ཡོངས་ཀྱི་རེ་བ་ཡིན། གཅིག་གྱུར་བྱུང་ན། རྒྱལ་ཡོངས་མི་དམངས་ཀྱིས་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ། གཅིག་གྱུར་མ་བྱུང་ན། གནོད་འཚེ་ཕོག་སྲིད”ཅེས་ནན་བཤད་གནང་ཡོད། སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་ལ་ཆེས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་། ཆེས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་མཁན། ཆེས་ལྷག་བསམ་རྣམ་དག་ངང་རྒྱུན་འཛིན་བྱེད་མཁན་བཅས་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཁོང་གི་འདུན་པ་རྒྱུན་འཛིན་བྱས་ནས་ཁོང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་མཁན་མི་རྣམས་དང་མུ་མཐུད་འབད་འཐབ་བྱས་ཏེ་སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པའི་ཕུགས་འདུན་རླབས་པོ་ཆེ་ཟམ་མི་ཆད་པར་མངོན་འགྱུར་དང་འཕེལ་རྒྱས་བཏང་བས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་ཡོད། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ལ་གཅིག་གྱུར་ཡང་བྱེད་ངེས་ཡིན། འདི་ནི་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞི་བའི་བྱེད་ཐབས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་ནི་སྤུན་ཟླ་ཐའེ་ཝན་བ་ཚུད་པའི་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཧ་ཅང་མཐུན་ཡོད”ཅེས་དང “ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་བའི་བྱེད་ཐབས་ཡག་ཤོས་ཤིག་རེད། ང་ཚོས“ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐའེ་ཝན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཐུག་ཡོད་པ་དང་སྤུན་ཟླ་ཐའེ་ཝན་བའི་བདེ་སྐྱིད་དེ་མི་རིགས་བསྐྱར་དར་ལ་ཐུག་ཡོད། ཀྲུང་གོའི་ཕུགས་འདུན་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཕུགས་འདུན་ཡིན་པས། མི་རིགས་བསྐྱར་དར་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ཚེ། ངོགས་གཉིས་ཀྱི་སྤུན་ཟླ་གཞི་ནས་ཕུན་སུམ་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་པའི་འཕེལ་རིམ་ཁྲོད་སྤུན་ཟླ་ཐའེ་ཝན་བ་མེད་ན་འགྲིག་ཐབས་མེད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་དཔུང་པ་མཉམ་གཤིབ་དང་། མཉམ་དུ་ཀྲུང་གོའི་ཕུགས་འདུན་འགྲུབ་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་མཉམ་འཁུར། མི་རིགས་བསྐྱར་དར་གྱི་གཟི་བརྗིད་མཉམ་སྤྱོད་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
     གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་དག་གི་ལམ་བུ་ཞིག་ཡིན། “ཐའེ་ཝན་རང་བཙན”ནི་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པ་ཞིག་རེད་ལ། འཆི་ལམ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ལ་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ལྡན་ཡོད། ‘ཐའེ་ཝན་རང་བཙན’གྱི་ཁ་ཕྲལ་ནི་མེས་རྒྱལ་གཅིག་གྱུར་གྱི་འགོག་རྐྱེན་ཆེ་ཤོས་དང་མི་རིགས་བསྐྱར་དར་ཡོང་བའི་མངོན་མེད་རྐྱེན་ངན་ཚབས་ཆེ་ཤོས་ཤིག་རེད”ཅེས་དང“ཐའེ་ཝན་རང་བཙན”གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་གནོད་འཚེ་གཏོང་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་ཚེ་ངོགས་གཉིས་ཀྱི་སྤུན་ཟླར་ཆག་སྒོ་ཡོང་སྲིད། མེས་པོ་བརྗེད་པ་དང་། མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ། རྒྱལ་ཁབ་ཁ་ཕྲལ་གཏོང་བ་བཅས་ཀྱི་བྱེད་སྤྱོད་སྤེལ་མཁན་ལ་མཇུག་འབྲས་ངན་པ་འཁོར་རྒྱུ་ལོས་ཡིན་ལ། མི་དམངས་ཀྱིས་མཆིལ་མ་བཞིན་དོར་ངེས་དང་ལོ་རྒྱུས་ཀྱི་འདྲི་གཅོད་ཕོག་ངེས་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་ཀྱིས“ཐའེ་ཝན་རང་བཙན”གྱི་ལྐོག་གཡོ་མཐའ་དག་མཐའ་གཅིག་ཏུ་ཐལ་བའི་རྡུལ་དུ་བརླགས་ནས་ཐུན་མོང་ཐོག་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་ཀྱིས་ཐེ་ཇུས་བྱེད་མི་ཆོག མི་སུ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། སྙིང་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་བྱེད་མི་རུང་ཞེས་གསུངས་ཡོད།
     ལོ་རྒྱུས་གདམ་ག་བྱེད་མི་ཐུབ་ཀྱང་། ད་ཆ་སྟངས་འཛིན་དང་འབྱུང་འགྱུར་གསར་གཏོད་བྱེད་ཆོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་གཟི་བརྗིད་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཡང་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངོགས་གཉིས་ཀྱི་སྤུན་ཟླ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མི་རིགས་ཀྱི་བདེན་དོན་མཉམ་དུ་འཁུར་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཀུན་སེམས་གཅིག་སྒྲིལ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བཅས་བྱས་ཚེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་གྲུབ་ཐུབ་ངེས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་ངེས་ཡིན།