འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་13ཉིན།

༄༅།།མཛེས་སྡུག་ལྡན་པའི་གཟི་ཚ་སྡེ་དགུའི་ ཁུལ་ཡོངས་སྒོ་མོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། མཛེས་སྡུག་ལྡན་པའི་གཟི་ཚ་སྡེ་དགུར་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལོ་གསུམ་ལྷག་ཙམ་བྱས་རྗེས། ཉེ་དུས་འཛམ་གླིང་ལ་ཕྱོགས་ནས་ཁུལ་ཡོངས་སྒོ་མོ་ཕྱེ་བ་རེད།
    ཉིན་ཤས་གོང་། 2021ལོའི་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་རིང་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ཁུལ་ཡོངས་སྒོ་མོ་འབྱེད་པའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་བརྒྱ་གྲངས་ཁ་ཤས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་དུ་འཛོམས་པ་རེད།
    གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ལམ་མདོར་བོད་རིགས་དང་ཆའང་རིགས་ཀྱི་མང་ཚོགས་100ལྷག་ཙམ་གྱིས་གཟབ་མཆོར་སྤྲས་ནས་ཟློས་གར་འཁྲབ་སྟེ་དགའ་སྤྲོའི་དུས་འདིར་རྟེན་འབྲེལ་ཞུས་པ་རེད། མཛེས་ལྗོངས་ཁུལ་དུ་བདེ་ཐང་ཨང་རྟགས་དང་། ཁུལ་གྱི་ཨང་རྟགས། སྒོ་འཛིན་ཨང་རྟགས་བཅས“ཨང་གསུམ་གཅིག་སྒྲིལ”དང་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དྲ་སྦྲེལ་གྱི་རིག་ནུས་འཛིན་བཤེར་གྱི་མ་ལག་ཡོད་སྟབས། ཡུལ་སྐོར་བས་སྒོ་འཛིན་བཤེར་ཁུལ་དུ་ཐོབ་ཐང་ལག་ཁྱེར་དྲད་ཚེ་རང་འགུལ་ངང་ཨང་བཤེར་ཐུབ་ནས་སྐར་ཆ་གཅིག་ཀྱང་མ་འགོར་བར་འཛིན་བཤེར་ཐུབ་ཀྱི་ཡོད།
    བསྐྱར་སྐྲུན་བྱས་པའི་གཟི་ཚ་སྡེ་དགུའི་བདེ་འཇགས་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཅིང་། གཟི་ཚ་སྡེ་དགུའི་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཏེ་མོང་གིས་གསར་འགོད་པར། མཛེས་ལྗོངས་ཁུལ་གྱི་ས་གཤིས་གནོད་འཚེ་ཁུལ་170ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པས། ཉིན་མཚན་དབྱེར་མེད་ཀྱི་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་དང་ཕྱོགས་ཚང་མའི་དོ་དམ་ཚོད་འཛིན་ཐུབ་ནས། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་གང་ལེགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
   གཟི་ཚ་སྡེ་དགུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧོ་སུང་གིས་གཟི་ཚ་སྡེ་དགུའི་སྐྱེ་ཁམས་ཁོར་ཡུག་དང་མཛེས་ལྗོངས་ཁུལ་ཉམས་གསོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་45བཏང་བས། ནགས་ཚལ་གྱི་སྔོ་ཁེབས་ཁྱབ་ཚད་72.9%ཟིན་པ་དང་ནོར་རི་ལའི་རྦབ་ཆུའི་སྐྱེ་ཁམས་ཉམས་གསོ་སོགས་མཛེས་ལྗོངས་ཁུལ་ཉམས་གསོའི་ལག་རྩལ་ཁག་5ལ་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཐོབ་ཡོད་ཅེས་བརྗོད།
   གཟི་ཚ་སྡེ་དགུ་སླར་གསོ་བསྐྱར་སྐྲུན་བྱས་རྗེས། རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་། ཡུལ་སྐོར་ཞབས་འདེགས་ལེགས་སུ་ཕྱིན་པ། རིག་ནུས་མཛེས་ལྗོངས་ཁུལ་ལ་མཆོང་སྐྱོད་གསར་པ་བྱུང་བ་བཅས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ལྟེ་བར་བྱས་པའི“ལྟེ་གཅིག་སྣེ་མང”གི་ཁུལ་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་སྤྱིར་ན་ཆགས་ཡོད། གཟི་ཚ་སྡེ་དགུར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ནས་མུ་སྦྲེལ་གྱི་ཁུལ་ཡོངས་ཡུལ་སྐོར་དང་། སྲོལ་རྒྱུན་ལྟ་སྐོར་སྤྲོ་གསེང་ཡུལ་སྐོར་ནས“ཡུལ་སྐོར+”ཕྱོགས་བསྡུས་ཕྱོགས་མང་ཡུལ་སྐོར་བར་བསྒྱུར་རྒྱུ་ལེགས་གྲུབ་བྱུང་བ་རེད།
    གཟི་ཚ་སྡེ་དགུའི་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། མཛེས་ལྗོངས་ཁུལ་གྱི་ཁུལ་ཡོངས་སྒོ་དབྱེའི་ཉིན་མོར་ཡུལ་སྐོར་བ་7200ཙམ་སླེབས་ཡོད་པ་རེད།