འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།ཀྲུང་གོའི་ཕྱི་འགྲིམས་སློབ་མ་ཨ་རིར་སླེབས་དུས་འཇིགས་སྐུལ་ཐེབས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་8ཉིན། ལུའོ་སི་ཨན་ཇི་ལེ་སིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་ལུའོ་སི་ཨན་ཇི་ལེ་སིའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་ཀྲུང་གོའི་ཕྱི་འགྲིམས་སློབ་མའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
    ཉེ་ལམ། ཀྲུང་གོའི་ཕྱི་འགྲིམས་སློབ་མ་མང་པོས་ལུའོ་སི་ཨན་ཇི་ལེ་སིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཛུལ་སྐབས། ཨ་རིའི་མཐའ་མཚམས་ཞིབ་བཤེར་གྱི་ཁྲིམས་འཛིན་མི་སྣས་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་བའི་དམིགས་ཡུལ་དང་། དེ་སྔའི་སྦྱངས་འབྲས། དེ་སྔ་ལས་ཞུགས་བྱེད་མྱོང་ཡོད་མེད་དང་། སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་མྱོང་ཡོད་མེད། ཚོད་ལྟ་ཁང་གི་གཞི་གྲངས་“བརྐུས་བཤུས”བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཡང་ཡང་འདྲི་ཞིབ་བྱས་པ་དང་། ལ་ལར་ད་དུང་འཇིགས་སྐུལ་ཕོག་པ། ཐ་ན་ཆུ་ཚོད་བཅུ་གྲངས་ཁ་ཤས་རིང་རང་དབང་ཚོད་འཛིན་བྱས་ཡོད། མཐར་རྒྱལ་ཁོངས་སུ་འཛུལ་མ་བཅུག་ནས་རང་རྒྱལ་དུ་ཕྱིར་སྐྱེལ་བ་རེད། གཞན་ཡང་། ད་དུང་ཀྲུང་གོའི་ཕྱི་འགྲིམས་སློབ་མ་ཁག་གཅིག་མངའ་ཁོངས་ནས་བྲལ་ཏེ་རྒྱལ་ནང་དུ་ལོག་སྐབས། ཨ་རིའི་ཁྲིམས་འཛིན་མི་སྣས་ཞིབ་བཤེར་བྱས་ནས་མི་སྒེར་གྱི་གློག་རྡུལ་སྒྲིག་ཆས་གཞུང་བཞེས་བཏང་བ་རེད། ལུའོ་སི་ཨན་ཇི་ལེ་སིར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་དེའི་ཐད་ཨ་རི་ཕྱོགས་ལ་འབྲེལ་གཏུགས་ནན་པོ་བྱས་ནས། ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་ལྕག་སྐུལ་བྱས་པ་དང་། ཁ་གཡོར་ས་སྣ་ཚོགས་ཀྱི་ཐོག་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མར་དོན་མེད་ཚོད་འཛིན་དང་གནོན་ཤུགས་སྤྲོད་མཚམས་འཇོག་རྒྱུའི་སྐུལ་མ་བཏང་ཡོད།
   ལུའོ་སི་ཨན་ཇི་ལེ་སིར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་ཕྱི་འགྲིམས་སློབ་མ་དག་གིས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་འཕྲད་སྲིད་པའི་ཉེན་ཁར་དོ་ཁུར་བྱས་ཏེ། དོགས་ཟོན་ལ་ཤུགས་རྒྱག་པ་དང་ཁ་གཏད་འོས་འཚམ་འཇལ་དགོས་པའི་དྲན་སྐུལ་བྱས་པ་རེད། ལུའོ་སི་ཨན་ཇི་ལེ་སིར་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཀྲུང་གོའི་ཕྱི་འགྲིམས་སློབ་མར་ཛ་དྲག་གི་གནས་ཚུལ་འཕྲད་དུས། ལུའོ་སི་ཨན་ཇི་ལེ་སིར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་ལ་དུས་ཐོག་ཏུ་འབྲེལ་བ་བྱས་ནས་རོགས་རམ་ཐོབ་ཐབས་བྱེད་དགོས།
    ལུའོ་སི་ཨན་ཇི་ལེ་སིར་བཅའ་སྡོད་སྤྱི་ཁྱབ་དོན་གཅོད་གཞུང་ཚབ་ཁང་གི་འབྲེལ་གཏུགས་ཁ་པར། +1-213-8078052
   ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར། (ཆུ་ཚོད།24):+86-10-12308ཡང་ན+86-10-59913991