འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་8ཉིན།

༄༅།།དབྱང་ཅེ་ཁྲི་དང་ཧྲ་ལི་ཝུན་ཐུག་འཕྲད་བྱས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་08ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དབྱང་ཅེ་ཁྲི་དང་ཧྲ་ལི་ཝུན་ཐུག་འཕྲད་བྱས་པ།
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་2021ལོའི་ཟླ་10ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲི་ཡིས་ཨ་རིའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལི་ཝུན་དང་སུའེ་ཙེར་གྱི་སུའུ་ལི་ཧྲེར་ནས་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་ཁྱོན་ཡོངས་དང་། ཟོལ་མེད། གཏིང་ཟབ་བཅས་ཀྱི་སྒོ་ནས་བསམ་འཆར་བརྗེ་རེས་གནང་བ་རེད། ཐུག་འཕྲད་ནི་དགེ་མཚན་ལྡན་པ་ཞིག་ཡིན་པས་ཕན་ཚུན་རྒྱུས་མངའ་ལོན་རྒྱུར་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་བྱ་སྤྱོད་སྤེལ་ནས་ཟླ་9ཚེས་10ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་སྐད་ཆ་ཤོད་རེས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གདོང་ཐུག་དང་འགྲན་ཟླར་མི་ལངས་པ་དང་། གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་མོས་མཐུན་གནང་བ་རེད། 
     དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་རིས་ཕན་ཚུན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཐུབ་མིན་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་འཛམ་གླིང་གི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད། ཀྲུང་ཨའི་མཉམ་ལས་ཐད་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་ཁེ་ཡོད། ཀྲུང་ཨའི་དབར་འགྲན་རྒོལ་བྱས་ན་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་གནོད་འཚེ་ཚབས་ཆེན་ཕོག་སྲིད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གཉིས་ཁེ་གཉིས་ཕན་གྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་དང་འཐབ་ཇུས་དགོངས་པར་ངོས་འཛིན་ཡང་དག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས“འགྲན་རྩོད”ལ་བརྟེན་ནས་ཀྲུང་ཨའི་འབྲེལ་བར་མཚན་ཉིད་འཇོག་པར་ངོ་རྒོལ་བྱེད་ཀྱི་ཡོད།
     དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་པའེ་ཏེང་གིས་ཉེ་དུས་ཀྲུང་ཨའི་འབྲེལ་བའི་སྐོར་གྱི་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་མི་འདོད་པ་དང“འཇམ་འཐབ་གསར་པ”མི་སྤེལ་བར་དོ་སྣང་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཚུལ་མཐུན་དངོས་སྒྲུབ་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་སྤྱད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་ཨའི་དབར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།  
     དབྱང་ཅེ་ཁྲི་ཡིས་ཐའེ་ཝན་དང་ཞང་ཀང་། ཞིན་ཅང་། བོད། རྒྱ་མཚོ་བཅས་དང་འབྲེལ་བ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དྲང་ནན་གྱི་ལངས་ཕྱོགས་རྒྱས་བཤད་གནང་བ་མ་ཟད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བདག་དབང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་ལ་བརྩི་འཇོག་ཏན་ཏིག་བྱས་ནས་གོང་གསལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
     ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
     ཕྱོགས་གཉིས་པོས་ད་དུང་གནམ་གཤིས་འགྱུར་ལྡོག་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། 
     ཕྱོགས་གཉིས་པོས་གནད་དོན་གལ་ཆེན་ཐད་རྒྱུན་གཏན་རང་བཞིན་གྱི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་བ་རེད།