འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་8ཉིན།

༄༅།།གནས་ཚུལ་མཐིལ་རྟོགས་དང་། ལམ་སྲོལ་གསར་གཏོད། ཚན་རྩལ་གྱིས་རམ་འདེགས་བཅས་བྱེད་པ། ཡུན་ནན་གྱིས་མི་དང་རང་བྱུང་
ཁམས་ཞི་མཐུན་མཉམ་གནས་ཡོང་བར་འབད་བརྩོན་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་08ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་10ཚེས་5ཉིན་གློག་འཕྲིན་འབྱོར་གསལ། མཁའ་ཐོག་ནས་མི་མེད་འཕུར་སྐྱོད་ཡོ་བྱད་ཀྱིས་སྲོག་ཆགས་ཀྱི་འགུལ་རྣམ་རྗེས་སྙེག་བྱེད་པ་དང་ས་ཐོག་ནས་ལམ་རྒྱུད་དུ་ཟས་སྟེར་གྱི་ཡོད། རིགས་གཅིག་མཁས་ཅན་དང་ལས་དོན་མི་སྣས་ཁོང་ཚོའི་ཆེད་ཉིན་མཚན་མེད་པར་དཀའ་ལས་རྒྱག་པ་དང་ཡུལ་དེ་གའི་མང་ཚོགས་ཀྱིས་ཁོང་ཚོར་གཅེས་སྐྱོང་ཆེན་པོ་བྱེད་ཀྱི་ཡོད། ཟླ་ལྔ་པ་ནས་བཟུང་ཡུན་ནན་ཤིས་ཧྲོང་པན་ནཱ་རུ་རི་སྐྱེས་གླང་ཆེན་ཁྱུ་ཞིག་གནས་སྤོ་བ་དེར་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད་མི་དང་གླང་ཆེན་ཚང་མ་བདེ་འཇགས་ཡོང་བའི་འགན་ལེན་ཐུབ་ཡོད།
     2020ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་བཏོན་པའི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། འདུ་ཤེས་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམས་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་མཐུན་ཡོད” “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྙིང་རུས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་འགྱུར་ཐུབ་ངེས་རེད”ཅེས་ནན་བཤད་གནང་བ་རེད།
     ཡུན་ནན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལག་ལེན་ཏན་ཏིག་བསྟར་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲུང་སྐྱོང་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་འབད་བརྩོན་བྱས་ཡོད།
     “ཡུན་ནན་ལ་སྣ་མང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་མ་ལག་དང་། སྐྱེ་དངོས་རིགས་ཀྱི་ཐོན་ཁུངས། སོན་རྒྱུའི་ཐོན་ཁུངས་བཅས་ཡོད་པས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་གལ་ཆེན་ལྡན་ཡོད”ཅེས་ཡུན་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་འགན་འཁུར་བ་གཙོ་བོས་བཤད། ཡུན་ནན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཨུ་ལྷན་བཙུགས་ནས་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་བྱེད་པའི་རྣམ་པ་དང་ལམ་སྲོལ་གྲུབ་ཡོད།
     སྲུང་སྐྱོང་ཡག་པོ་བྱེད་པར་སྔོན་ལ་གནས་ཚུལ་མཐིལ་རྟོགས་བྱེད་དགོས། ཡུན་ནན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་2020ལོ་ཁོ་ནར་དངོས་རིགས་གསར་པ་དང་གསར་དུ་ཐོ་འགོད་བྱས་པའི་རིགས་256ཤེས་རྟོགས་ཐུབ་ཡོད།
     སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་འཚོ་གནས་ཁུལ་སྲུང་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན། ཡུན་ནན་གྱིས་དོ་དམ་སྲིད་ཇུས་དང་འཛུགས་སྐྲུན་ཚད་གཞི་བཏོན་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་གསལ་པོ་བཟོས་ཡོད། མིག་སྔའི་བར་ཡུན་ནན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་1/7རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ཁོངས་སུ་བཅུག་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གལ་ཆེན་90%ཙམ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རྩི་ཤིང་90%ལྷག་ཙམ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་སྲོག་ཆགས་80%ཙམ་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ཆེ་རུ་སོང་བ་དང་བསྟུན་ནས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་གི་ཀྲུང་ཏན་ཡེ་ཤུས་ཉ་སོགས་རྩ་ཆེའི་དངོས་རིགས་འཚོ་གནས་ཁུལ་ལ་སྲུང་སྐྱོང་དེ་བས་ཡག་པོ་བྱུང་ཡོད། སྐོར་གཡེང་བྱེད་ཤུགས་ཆེ་རུ་དང་ཉེ་འཁོར་གྱི་གནོད་འཚེ་ཉུང་དུ་ཕྱིན་པ་དང་སྦྲགས། གཏུམ་འབྲུག་ཆུ་བོའི་རང་བྱུང་སྲུང་སྐྱོང་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་རྨ་བྱ་ལྗང་ཁུའི་རིགས་ཀྱི་གྲངས་འབོར་བརྒྱ་ཙམ་ཟིན་གྱི་ཡོད་པ་རེད།
     སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་དངོས་རིགས་དང་སྐྱེ་ཁམས་མ་ལག་ལ་མཐོང་ཆེན་བྱེད་དགོས་ལ་རྒྱུད་འཛིན་གཞི་རྒྱུ་ལའང་དེ་བས་དོ་སྣང་བྱེད་དགོས། “སྐྱེ་དངོས་རིགས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་བཙུགས་པ་དེས་རི་སྐྱེས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ལ‘འགན་བཅོལ’ཐུབ་པ་མ་ཟད། འབྱུང་འགྱུར་རྒྱུན་མཐུད་ངང་གཞི་རྒྱུའི་ཐོན་ཁུངས་སྤྱོད་རྒྱུར‘མཛོད’ཅིག་ཀྱང་བཙུགས་ཡོད” ཀྲུང་གོའི་ལྷོ་ནུབ་ཀྱི་རི་སྐྱེས་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་མཛོད་ཀྱི་སོན་རྒྱུའི་ཉར་ཚགས་ལྟེ་གནས་ཀྱི་ཀྲུའུ་རེན་ཚའེ་ཅེ་ཡིས་2020ལོའི་ལོ་མཇུག་བར་ལྟེ་གནས་དེས་རྩི་ཤིང་གི་ས་བོན་སྣ་ཁ་10601དང་85046ཉར་ཚགས་བྱས་པ་དེས་རང་རྒྱལ་གྱི་མེ་ཏོག་བཞད་པའི་རྩི་ཤིང་གི་སྐྱེ་དངོས་གྲངས་འབོར་གྱི་36%བཟུང་ནས་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     རི་སྐྱེས་གླང་ཆེན་གནས་སྤོ་བ་དང་ཆབས་ཅིག་ལམ་རྒྱུད་དུ་གནོད་སྐྱོན་བཟོ་གི་ཡོད། ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སྲོག་ཆགས་དང་རྩི་ཤིང་ཁྲུའི་ཁྲུའུ་ཀྲང་ཤང་རུའུ་ཝུའུ་ཡིས། མིག་སྔར་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་སྤྱི་དམངས་ཀྱི་འགན་འཁྲི་འགན་བཅོལ་གྱི་གནོད་འཚེ་གཏན་འཁེལ་བསྡོམས་རྩིས་ལས་དོན་སྤེལ་འགོ་ཚུགས་ཡོད། བྱང་ཕྱོགས་སུ་གནས་སྤོ་བའི་ཨེ་ཤེ་ཡའི་གླང་ཆེན་ཁྱུ་ཚོགས་དག་ཡོན་ཅང་གཙང་པོ་བསྒྲལ་ནས་བདེ་འཇགས་ངང་ལྷོ་ཕྱོགས་སུ་ལོག་རྒྱུར་རོགས་རམ་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་ཉེན་རྟོག་པ་དང་ལས་དོན་མི་སྣ་མི་ཐེངས་ཁྲི་2.5ལྷག་ཙམ་དང་། མི་མེད་འཕུར་སྐྱོད་ཡོ་བྱད་ཐེངས་973 འཕྲལ་སྡོམ་འཁོར་རིགས་ཐེངས་ཁྲི་1.5ལྷག་ཙམ་བཅས་བཏང་བ་དང་། མང་ཚོགས་མི་ཐེངས་ཁྲི་15ལྷག་ཙམ་ཁ་འགྲེམས་གནས་སྤོ་བྱས་པ། གླང་ཆེན་ལ་ཟས་ཏུན་180སྟེར་བ་རེད། རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་སྤྱི་དམངས་ཀྱི་འགན་འཁྲིའི་འགན་བཅོལ་འགན་ལེན་ཀུང་སིས་ཨེ་ཤེ་ཡའི་གླང་ཆེན་གྱི་ཆག་སྒོ་བསླངས་པའི་གྱོང་གུན་རེ་ཞུའི་གྱོད་གཞི་1501བདག་སྤྲོད་བྱས་པ་དང་གྱོང་གུན་སྒོར་ཁྲི་512.52ཚོད་སྐོར་གཏན་འཁེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཡུན་ནན་གྱིས་སྔ་རྗེས་སུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲོལ་ཡིག་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྒྲིག་གཞིའི་དོ་དམ་བྱ་ཐབས་སོགས་ཁྲིམས་སྲོལ་དང་ལམ་ལུགས་མང་པོ་བཏོན་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་ཁ་གསབ་ལམ་ལུགས་བཙུགས་པ་དང་། དེ་རྗེས་སླར་ཡང་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་སྤྱི་དམངས་ཀྱི་འགན་འཁྲིའི་འགན་བཅོལ་ཚོད་ལྟའི་ལས་དོན་སྤེལ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སླེབས་ཡོད། མིག་སྔའི་བར་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་སྤྱི་དམངས་ཀྱི་འགན་འཁྲིའི་འགན་བཅོལ་གྱོད་གཞི་ཁྲི་13ལྷག་ཙམ་ཞིབ་བཤེར་གཏན་འབེབས་བྱས་པ་དང་འགན་བཅོལ་དངུལ་སྒོར་དུང་ཕྱུར་2.97སྤྲད་ཡོད་པ་རེད།