འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་29ཉིན།

༄༅།།ཀན་སུའུ་ཡི་མཚོ་ཉིན་རྫས་ཚའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་ར་རྒྱ་ལྟ་ཞིབ་ཚད་ལེན་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་29ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་མཚོ་ཉིན་རྫས་ཚའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་མཚོ་ཉིན་སྲུང་སྐྱོང་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ཉེ་དུས། སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣས་འདབ་ཆགས་ལ་དུས་ངེས་གཏན་གྱི་ལྟ་ཞིབ་ཚད་ལེན་བྱེད་སྐབས་མཚོ་ཉིན་གྱི་མཚོ་ངོགས་ནས་ར་རྒྱ་ཞིག་པར་དུ་བླངས་ཐུབ་པ་རེད།
     བརྙན་ལམ་ནང་། ར་རྒྱ་དེ་མཚོ་འགྲམ་དུ་དལ་གྱིས་སྐྱོད་བཞིན་སྐབས་སྐབས་སུ་ཁ་ཕྱིར་བསློགས་ནས་གྲམ་ཐང་དུ་བསྐྱོད་དེ། རྩྭ་སྟུག་པོའི་ཁྲོད་ཉལ་ནས་བསྡད་པ་མཐོང་ཐུབ། མཚོ་ཉིན་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་དབང་མོ་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་སྲུང་སྐྱོང་ཁུལ་བཙུགས་པ་ནས་བཟུང་ཁོངས་གཏོགས་ཁུལ་ཁྱབ་ཁོངས་ནས་ར་རྒྱར་ལྟ་ཞིབ་ཚད་ལེན་ཐུབ་ཐེངས་དང་པོ་ཡིན་པ་རེད།
     ར་རྒྱ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ར་རྒྱ་རྒྱུན་དུ་ས་བབ་མཐོ་ཚད་སྨི་2500ཡན་གྱི་རི་མཐོའི་ནགས་ཚལ་དང་སྤང་ཐང་རྒྱུད་དུ་འཚོ་སྡོད་བྱེད་པ་དང་། དགུན་དུས་སུ་ས་བབ་མཐོ་ཚད་སྨི་2500མན་གྱི་ཕྲ་ལོ་ནགས་ཁྲོད་ཀྱི་བྲག་གསེབ་ཏུ་གནས་སྤོ་ཡི་ཡོད།
     ལན་ཀྲོའུ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་སྲོག་ཆགས་རིག་པའི་འབུམ་རམས་པ་ཀྲང་ལི་ཤུན་གྱིས། ར་རྒྱ་དག་ཁྱུ་བསྒྲིགས་ནས་སྡོད་རྒྱུར་དགའ་པོ་ཡོད་པས་ཁོད་སྙོམས་པའི་འདམ་རར་སྡོད་པའི་སྣང་ཚུལ་མཐོང་ཧ་ཅང་དཀོན་པོ་རེད་ཅེས་བརྗོད། ཁོང་གིས་སྔོན་དཔག་བྱས་ན་ར་རྒྱ་འདི་གཅིག་པུ་མཚོ་ཉིན་འདམ་རའི་ཐོག་བསྐྱོད་པ་དེ་ཕལ་ཆེར་ལམ་ནོར་ཐེབས་པའམ་ཡང་ན་ཁྱུ་ཚོགས་ནས་ཁ་ཐོར་བ་ཞིག་ཡིན་ཤས་ཆེ། དེར་བརྟེན་ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་རྗེས་སྙེག་དང་ལྟ་ཞིབ་ཚད་ལེན་བྱེད་རྒྱུའི་རེ་བ་བཏོན་པ་རེད།
     མཚོ་བོད་ས་མཐོའི་བྱང་ཤར་ངོགས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་སུ་གནས་པའི་ཀན་སུའུ་ཡི་མཚོ་ཉིན་རྫས་ཚའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩྭ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་2003ལོར་དངོས་སུ་བཙུགས་པ་རེད། ད་ཕན་ལོ་ཤས་རིང་། སྲུང་སྐྱོང་ཁུལ་གྱིས་ཆུ་འདྲེན་འདུ་འགོད་དང་། མཚོ་ཉིན་འདམ་རའི་སྲུང་སྐྱོང་འཛུགས་སྐྲུན་འདུ་འགོད། ཀྲུང་གོ་དང་ཡོ་རོབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། མངའ་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། ད་ཆ་མཚོ་ཉིན་འདམ་རར་བསྡོམས་སྲོག་ཆགས་རིགས་86ཡོད་པའི་ཁྲོད་འདབ་ཆགས་རིགས་63ཡོད་པ་རེད།