འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་29ཉིན།

༄༅།།གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་བོ་སྒོ་དབྱེ་སླར་གསོ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་29ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་བོ་སྒོ་དབྱེ་སླར་གསོ་བྱས།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། གཟི་རྩ་སྡེ་དགུར་མི་ཚོགས་ཀྱིས་ཁེངས་འདུག ཀྲུང་གོའི(སི་ཁྲོན)རྒྱལ་སྤྱིའི་ཡུལ་སྐོར་དངུལ་འཇོག་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་དང་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་དབྱེ་སླར་གསོའི་མཛད་སྒོ་དེ་གར་འཚོགས་པ་རེད། སྔ་དྲོར་ཀྲུང་གུང་སི་ཁྲོན་ཞིང་ཨུ་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་དུ་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོ་སྒོ་དབྱེ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
     དེའི་ཐོག་ནས་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་རུ་རྩེ་ལུང་མཚོ་ནས་གདོད་མའི་ནགས་ཚལ་ས་ཁོངས་བར་གྱི་སྒོ་མོ་སླར་གསོ་ཐུབ་པ་མཚོན་ཡོད། དེའི་ནང་དོམ་ཁྲའི་མཚོ་དང་། མདའ་སྨྱུག་མཚོ། ངང་དཀར་མཚོ། རྩི་ཤིང་མཚོ། གདོད་མའི་ནགས་ཚལ་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད། 
     གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་བསྐྱར་སྐྲུན་གྱི་གནས་ཚུལ་དང་ས་ཁོངས་ཧྲིལ་པོའི་སླར་གསོ་སྒོ་དབྱེའི་དུས་ཚོད་ལ་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱས་ཡོད། 
    2017ལོའི་ཟླ་8ཚེས་8ཉིན། གཟི་རྩ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་བ་རེད། ས་ཡོམ་བྱུང་རྗེས་ཀྱི་ཆུ་ཚོད་24ནང་ཡུལ་སྐོར་བ་དང་ལས་མི་ཁྲི་6ལྷག་ཙམ་གནས་སྤོ་བྱས་པ་རེད།  2017ལོའི་ཟླ་11ཚེས་8ཉིན། གཟི་རྩ་སྡེ་དགུའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང《“8·8”གཟི་རྩ་སྡེ་དགུའི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་གཞི》ཁྱབ་བསྒྲགས་བྱས་པ་རེད།  2019ལོའི་ཟླ་8ཚེས་8ཉིན། སི་ཁྲོན་མཁའ་འགྲུལ་ཀུང་སིས་ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུ་བར་གྱི་འགྲོ་འོང་གི་མཁའ་ལམ་སླར་གསོ་བྱས་པ་རེད།  2019ལོའི་ཟླ་9ཚེས་27ཉིན། ས་ཡོམ་བྱུང་རྗེས་ལོ་གཉིས་རིང་ལ་བཀག་སྡོམ་བྱས་པའི་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་མོ་ཕྱེ། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོད་ལྟའི་སྒོ་ཕྱེ་བའི་རིང་སྒོ་དབྱེའི་ས་ཁོངས་ཀྱིས་མཛེས་ལྗོངས་ཁུལ་ཡོངས་ཀྱི་85%ཟིན་ཡོད།  གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་དབྱེ་སླར་གསོའི་མཛད་སྒོ་དེ་2021ལོའི་ཟླ་9ཚེས་28ཉིན་སྤེལ་བ་རེད། 
     ལོ་4ཙམ་རིང་ཞིག་གསོ་བྱས་པ་བརྒྱུད་མཛེས་ལྗོངས་ཁུལ་མང་ཆེ་བ་ཞིག་གསོ་བྱས་ཟིན་ནས་ས་ཡོམ་མ་བྱུང་གོང་གི་མཛེས་ལྗོངས་ལྟར་སླར་གསོ་ཐུབ་ཡོད། 
     གཟི་རྩ་སྡེ་དགུ་དོ་དམ་ཅུས་ཀྱིས《གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་སྒོ་དབྱེའི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་ནས་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་ས་ཁོངས་ཀྱི་ཐེག་ཚད་ཆེ་ཤོས་དང་སྤ་སེའི་རིན་གོང་སོགས་ཁྱབ་བསྒྲགས་བྱས་ཡོད། 
     ཞིབ་ཕྲའི་ནང་དོན། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་མཛེས་ལྗོངས་ཁུལ་ཟླ་9ཚེས་28ཉིན་ས་ཁོངས་ཧྲིལ་པོའི་སྒོ་དབྱེ་སླར་གསོ་ཐུབ་ཡོད། 
     གཅིག རུ་རྩེ་ལུང་མཚོ་ཡན་གྱི་ས་ཁོངས་སྒོ་དབྱེ་སླར་གསོ་བྱ་རྒྱུ་རེད། དེའི་ཁོངས་སུ་དོམ་ཁྲའི་མཚོ་དང་། མདའ་སྨྱུག་མཚོ་དང་དེ་བཞིན་མདའ་སྨྱུག་རྦབ་ཆུ། ངང་དཀར་མཚོ། རྩིཤིང་མཚོ། གདོད་མའི་ནགས་ཚལ་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད།  
     གཉིས།《ཡུལ་སྐོར་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་ཆེད། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་མི་འབོར་ཐེག་ཚད་ཆེ་ཤོས་ནི་ཉིན་གཅིག་ལ་མི་ཐེངས་ཁྲི་4.1ཡིན་པ་གཏན་འབེབས་བྱས་པ་དང་།《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་ཕྱོགས་སྟོན(2021ལོའི་ཟླ་3པའི་བཟོ་བཅོས་པར་གཞི)》གྱི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ་མཛེས་ལྗོངས་ཁུལ་དུ་མིང་ངོ་མའི་ཐོག་ནས་སྤ་སེ་ཉོ་རྒྱུ་དང་སྤ་སེ་ཉོ་སའི་དྲ་ཚུགས་ནི། www.abatour.com ཡིན། ཡུལ་སྐོར་པ་ཚོས་སྔོན་ལ་འགྲོ་སྐྱོད་ཀྱི་འཆར་འགོད་ཡག་པོ་བྱེད་དགོས། 
     གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མཛེས་ལྗོངས་ཁུལ་གྱིས“ཚད་བཀག་དང་། ཁ་ཆད་བཟོ་བ། མི་ཚོགས་ལས་གཡོལ་བ་བཅས་ཀྱི་བླང་བྱ་ལྟར་དུས་བགོས་དང་། ཁག་དབྱེ། ཁུལ་དབྱེ་བཅས་ཀྱི་ཡུལ་སྐོར་བྱ་ཐབས་ལག་བསྟར་ནན་པོ་བྱ་རྒྱུ་ཡིན་པ་རེད། 
     བཞི། སི་ཁྲོན་རིག་གནས་ཡུལ་སྐོར་ཚོགས་ཆེན་གཟི་རྩ་སྡེ་དགུ་རུ་འཚོགས་པར་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་གཟི་རྩ་སྡེ་དགུ་ལ་དོ་ཁུར་དང་གཅེས་སྐྱོང་བྱས་པར་དྲིན་ལན་འཇལ་ཆེད། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ད་ལོའི་ཟླ་11ཚེས་15ཉིན་གྱི་སྔོན་ལ་སྔར་བཞིན་ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་རེར་ཉིན་རེར་སྒོར་169ཡི་རིན་གོང་ལྟར་ལག་བསྟར་བྱ་རྒྱུ་ཡིན། 
     དོ་སྣང་བྱ་ཡུལ། མིག་སྔར་མཛེས་ལྗོངས་ཁུལ་དུ་ཉིན་གཅིག་ནང་ཚད་བཀག་སྒོ་འབྱེད་ལག་བསྟར་དང་དྲ་ཡོངས་སུ་མིང་ངོ་མའི་ཐོག་ནས་སྤ་སེ་ཉོ་བ་ལས་ཡུལ་དངོས་སུ་སྤ་སེ་ཉོ་སའི་སྐར་ཁུང་བཙུགས་མེད། འགྲོ་འདོད་ཡོད་པའི་གྲོགས་པོ་ཚོས་ངེས་པར་དུ་ཡུལ་དངོས་སུ་སླེབས་པའི་སྔར་ཉིན་ཕྱི་དྲོའི་ཆུ་ཚོད་དྲུག་པའི་སྔོན་ལ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་སྤ་སེ་ཉོ་རྒྱུ་མ་བརྗེད། 
༄༅།།གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་བོ་སྒོ་དབྱེ་སླར་གསོ་བྱས།