འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།བོད་ཀྱིས་2021ལོའི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་23ཉིན། ལྷ་ས་སྐྱིད་ཆུའི་ལུང་གཞུང་དུ་སྟོན་ཉམས་རབ་ཏུ་རྒྱས་ཤིང་། ཞིང་ནང་དུ་ལོ་ལེགས་ཀྱི་རྣམ་པས་ཁེངས། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་གཉེར་བའི་2021ལོའི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་མང་ཚོགས་མཉམ་དུ་འཛོམས་ནས་ཇ་མངར་མོ་འཐུང་བ་དང་། ལྷ་མོ་ལྟ་བ། ཞིང་ལས་ཐོན་རྫས་འགྲེམས་ཚོང་བྱ་ཡུལ་སྐོར་བ་བཅས་བྱེད་རིང་མི་ཚང་མའི་ངོ་གདོང་ལས་ལོ་ལེགས་ཀྱི་དགའ་སྤྲོའི་འཛུམ་མདངས་འཕྱུར།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་སྐབས་གསུམ་བསྟུད་མར་སྤེལ་ནས་བོད་ཀྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པར་ལས་སྟེགས་མཁོ་འདོན་བྱས་ཡོད།
     ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་དུ་མི་མི་ཉུང་བ་ཞིག་གིས་ནས་ཀྱི་བཟའ་བཅའི་འགྲེམས་སྟེགས་མདུན་དུ་ཡང་སྐོར་བསྐྱར་སྐོར་བྱེད་ཅིང་། བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སིའི་འགན་འཁུར་བ་རིན་ཆེན་གྱིས་ནས་ཀྱི་འབྲས་མངར་དང་ནས་ཀྱི་བཀལ་ཐུག་སོགས་བདེ་ཐང་ཐོན་རྫས་སྣ་ཚོགས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཀུང་སིའི་ནས་ཆག་ལོར་ཐོན་ཚད་ཏུན་2000ཟིན་གྱི་ཡོད་ཅེས་བརྗོད།
     བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས་ངོ་སྤྲོད་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་སྟེ། འབྲུ་རིགས་ཐོན་ཚད་ལོ་6བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་། སྔོ་ཚལ་ཐོན་ཚད་ཟིན་ཐོ་ཡང་ཡང་བཏོད་ནས་མི་དམངས་མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། ཤ་དང་འོ་མའི་ཐོན་ཚད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་མི་རེར་ཆ་སྙོམས་བཟུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། 2020ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།