འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ཨ་རི་ནས་རིག་དངོས་12ཕྱིར་བླངས་འདུག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཨ་རི་ནས་རིག་དངོས་12ཕྱིར་བླངས་འདུག
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་9ཚེས་26ཉིན་འཚོགས་པའི་རྒྱལ་ཡོངས་རིག་དངོས་བོད་སྐྱོར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཨ་རི་ནས་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་སོགས་རིག་དངོས་སྒྱུ་རྩལ་ཐོན་རྫས་12བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་སྤྲད་དེ་ཉར་ཚགས་བྱེད་དུ་བཅུག་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་གསལ་འབྱེད་ཞིབ་འཇུག་བྱས་པ་བརྒྱུད།  ཆེད་མཁས་པས་ཐེངས་འདིར་ཕྱིར་བླངས་པའི་རིག་དངོས་སྒྱུ་རྩལ་ཐོན་རྫས་ནི་མེང་དང་ཆིང་རྒྱལ་རབས་ནས་མི་སེར་རྒྱལ་ཁབ་གྱི་དུས་རབས་བར་ཡིན་པར་ངོས་འཛིན་གནང་བ་དང་། དེའི་ནང་རིག་དངོས་རྩ་ཆེན་6དང་དཀྱུས་མ་2 སྒྱུ་རྩལ་ཐོན་རྫས་4བཅས་ཡོད་ཅིང་། སྤྱིའི་ཆ་ནས་དེ་དག་ནི་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་དཔེ་མཚོན་ལྡན་པའི་རྟེན་རྫས་ཡིན་པས་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་གི་རིན་ཐང་ཅུང་གལ་ཆེན་ལྡན་ཡོད།  
     དེའི་ཁྲོད། གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་5དང་ཆུ་ཤེལ་ལས་གྲུབ་ཅིང་གཡུ་བྱུར་སོགས་རིན་པོ་ཆེའི་ཕྲ་བཏབ་པའི་གསེར་རྩི་བྱུག་པའི་མཆོད་རྟེན་1བཅས་ཀྱི་བཟོ་རྩལ་ཚགས་དམ་པས་ཆེད་མཁས་པས་གནས་སྐབས་སུ་རིམ་པ་གསུམ་པའི་རིག་དངོས་སུ་ཐག་བཅད་པ་དང་། ལྷག་པར་ཏུ་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོར་བཞེངས་པའི་ཟངས་སེར་གྱིས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་བརྙན་ལས་རྒྱ་བོད་ལུགས་གཉིས་ཀྱི་བཟོ་རྩལ་རྣམ་པ་མངོན་གསལ་དོད་ལ། ངོས་དྲུག་དབྱིབས་ཀྱི་བཞུགས་ཁྲི་དེ་རྒྱ་བོད་ལུགས་ཀྱི་ཐང་ག་དང་ལྡེབས་རིས་སུ་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་ཟངས་སྐུའི་ཁྲོད་མཐོང་དཀོན་པོ་ཞིག་ཡིན།
     བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་པ་ཉེ་ལམ་སྒོ་ཕྱེ་རྩིས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཐེངས་འདིའི་རིག་དངོས་སྒྱུ་རྩལ་ཐོན་རྫས་12དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་སྤྲད་པ་དང་། རྟེན་རྫས་བཤམས་མཛོད་ཁང་གསར་པ་སྒོ་ཕྱེ་དུས་གཅིག་བསྡུས་འགྲེམ་སྟོན་བྱས་ནས་རིག་དངོས་དེ་དག་གི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།  
༄༅།།ཨ་རི་ནས་རིག་དངོས་12ཕྱིར་བླངས་འདུག